༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་སྤྱི་ལོ༢༠༡༨ལོའི་སྤྱི་ལོའི་ལོ་གསར་གྱི་ཤིས་ཚིག་སྒྲོན་པ།

来源:བོད་ལྗོངས་རླུང་འཕྲིན།2018-01-05 10:56:59 查看数0

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཇེ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འགྲུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་པའི་སྤྱི་ལོ ༢༠༡༨ ལོའི་སྤྱི་ལོའི་ལོ་གསར་གྱི་ཤིས་ཚིག་སྒྲོན་གནང་བ་རེད།

ཤིས་ཚིག་ནང་བདེ་སྐྱིད་ལོ་ཟླ་རྙིང་པ་ཕར་ལ་སྐྱེལ།  གནམ་ལོ་གསར་པར་འཆར་གཞི་ལེགས་པོ་འདིང་།  དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་འཆར་ལ་ཉེ་བའི་དུས་འདིར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས།  ལྗོངས་ཡོངས་མི་རིགས་ཁག་གི་མི་དམངས་དང་བོད་སྡོད་མི་དམངས་བཅིངས་བཀྲོལ་དམག་གི་བཀོད་འཐབ་པ།  དྲག་ཆས་ཉེན་རྟོག་དཔོན་དམག  སྲིད་ཁྲིམས་ལས་བྱེད་ཉེན་རྟོག  བོད་ཀྱི་གསར་བརྗེ་དང་འཛུགས་བསྐྲུན་བྱ་གཞག་ཆེད་དུ་ལེགས་སྐྱེས་ཕུལ་མཁན་གྱི་ལས་ཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་དབུ་ཁྲིད་རྒན་གྲས།  བློ་མཐུན་རྒན་གྲས།  བོད་ཀྱི་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་གནམ་ལོ་གསར་དུ་བཞད་པའི་སྨོན་འདུན་དང་སྦྲགས་ཟོལ་མེད་འཚམ་འདྲི་ཞུ་རྒྱུ་དང་།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས།  ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་།  ཀྲུང་དབྱང་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་ཐུགས་བརྗེ་ཆེ་ཞུ་རྒྱུ་མ་ཟད།  དུས་ཆེན་རིང་སྔར་རྒྱུན་བཞིན་ཕྱག་ལས་གནང་མཁན་གྱི་བློ་མཐུན་ཚོར་བྱམས་བརྩེའི་འཚམ་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད། 
ཤིས་ཚིག་ནང་དགའ་སྤྲོ་འཁོལ་ལ་སྐུལ་མ་ཐེབས་འོས་པའི་སྤྱི་ལོ ༢༠༡༧ ལོར་འཛམ་གླིང་སྐྱེ་བོ་ཀུན་ནས་དོ་སྣང་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་།  ཚོགས་ཆེན་ཐོག་ཞི་ཅིན་ཕིང་ནས་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་གཏན་འཁེལ་གནང་བ་དང་།  དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་བཏོན་གནང་བ།   ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་མཐའ་མའི་རྒྱལ་ཁ་བླངས་ཏེ།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་དམིགས་ཚད་གཏན་འཁེལ་གནང་བ།  དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་སྤེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་བཅས་བྱས་ཡོད་པས།  དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། 
ལོ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ཆེད་སྐུ་ལས་ཚད་མེད་བསྐྱོན་གནང་བ་དང་།  ཉིན་ལྟར་མཛད་འབྲེལ་ཆེ་ཡང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་བརྟག་ཞིབ་ཐེངས་གཉིས་པ་དང་།  ནག་ཆུར་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་ནགས་གསོ་བྱེད་རྒྱུའི་ཐད་གལ་ཆེའི་མཆན་འགོད་གནང་བ།  སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་དང་།  བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མངོན་གྱི་ཡོད།  བོད་ཀྱི་ལས་དོན་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་སྲུང་བརྩི་ཞུ་ས་མཁོ་འདོན།  སྟོབས་ཆེའི་སྒུལ་ཤུགས་སྦྱིན་པ་བཅས་གནང་ཡོད། 
ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ།  ལྷག་པར་དུ་གཞི་རིམ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་ཕུགས་བསམ་དད་སེམས་བརྟན་པོས་དཀའ་སྡུག་ཁྱད་བསད་དང་ཐོབ་ཤོར་ལ་མི་ལྟོས་པ།  འཁང་ར་མི་བྱེད་པ་བཅས་ཀྱི་སྒོ་ནས་ས་མཐོར་གཞིས་ཚུགས་ཏེ་དཀའ་སྤྱད་འབད་འཐབ་དང་།  མི་རིགས་ཁག་གི་མང་ཚོགས་ཚོས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཏང་གི་བཀའ་དྲིན་འཚོར་བ།  ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས།  ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱེད་ཀྱི་འཚོ་བ་གཏོད་ཡོད་པ།  བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་ས་གནས་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཐོག  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་མཛུབ་སྟོན་བྱས་ཡོད།
ཤིས་ཚིག་ནང་སྤྱི་ལོ ༢༠༡༧ ལོར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་འོག  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  ཞི་ཅིན་ཕིང་ནས་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཐོག  ལས་དོན་གང་ཞིག་ཡིན་རུང་ཆབ་སྲིད་དང་སྤྱི་ཡོངས་ཐོག་ནས་བསམ་གཞིགས་བྱས་ཏེ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས།  ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་།  བློ་བརྟན་འགྱུར་མེད་ལྔ་དང་འགན་ལེན་ལྔ་ལ་དམིགས་ཏེ་འགན་འཁུར་ཕོད་པ་དང་སྙིང་རུས་གཏན་འཁྱོངས་བྱས་ནས་ལས་དོན་ཁག་ལ་སྐུལ་སྤེལ་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། 
སྤྱི་ལོ ༢༠༡༨ ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་དང་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ ༤༠ དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་མཐའ་མའི་རྒྱལ་ཁ་ལེན་པ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གོང་འོག་རྗེས་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་པས།  ང་ཚོས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་འཁྱོངས་བྱེད་པ།  ཁྲིམས་བཞིན་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན།  མི་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ཐོག  རང་སྐྱོང་ལྗོངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།  བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ།  མི་རིགས་ཁག་དབར་འགྲོ་འོངས་དང་སྤེལ་རེས།  འབྲེལ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ།  སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་རྒྱུ་དང་།  དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུ།  མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་དགོས་མཁོ་སྐོང་བ།  མི་རིགས་ཁག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གྲ་རྒྱས་གོང་འཕེལ་ཡོང་བ་བྱེད་པ།  སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བ་བཅས་བྱས་ནས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་མཐའ་མའི་རྒྱལ་ཁ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་རྒྱལ་ཁ་ཧུར་ཐག་བླངས་ཏེ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྒྲུབ་པའི་བོད་ལྗོངས་ཀྱི་ལེའུ་ཡག་པོ་རྩོམ་དགོས་ཀྱི་རེད། 
དུས་རབས་གསར་པར་རྒྱང་སྐྱོད་གསར་པ་འགོ་ཚུགས་པ་དང་རྣམ་པ་གསར་པར་བྱས་རྗེས་གསར་པ་འཇོག་དགོས་པས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་།  སྙིང་སྟོབས་རབ་འཕེལ་དང་ལས་དོན་ཏན་ཏིག་ཐོག་ནས་བོད་ཀྱི་ལས་དོན་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ།  དོན་དངོས་བྱ་སྤྱོད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་འཁུར་ལ་དྲིན་ལན་འཇལ་ནས།  ལྗོངས་ཡོངས་མི་རིགས་ཁག་གི་མང་ཚོགས་དོད་བློ་ཁེངས་པ་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད། 
ཤིས་ཚིག་གི་མཇུག་ཏུ་རླབས་ཆེའི་མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལོ་གསར་སྤྲོ་པོ་དང་བདེ་སྐྱིད་ཁམས་བདེ།  བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་ཞེས་འཁོད་ཡོད།།