རང་ལྗོངས་ཀྱིས་ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་ཀ་བཀོད་སྒྲིག་བྱས་པ།
སྤྱི་ལོ ༢༠༡༨ ལོའི་ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་དང་། ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་ནས། སྤྱི་ལོ ༢༠༡༧ ལོའི་མེ་ཟོན་ལས་ཀར་ཕྱིར་དྲན་ཕྱོགས་བསྡོམས་དང་སྤྱི་ལོ ༢༠༡༨ ལོའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་ཀ་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་ལིའུ་ཅང་ཚོགས་འདུར་ཕེབས་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་འབྲེལ་ཡོད་ཚན་པ་དང་སྤྱི་ལོ ༢༠༡༨ ལོའི་མེ་ཟོན་བདེ་འཇགས་དམིགས་ཚད་དོ་དམ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་གནང་བ་དང་། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆབ་སྲིད་ཨུ་ཡོན་ལིའུ་ཧན་ལིང་ནས་ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༧ ལོའི་མེ་ཟོན་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཁྲིམས་སྐྱོང་མེ་ཟོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མེ་ཟོན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མེ་ཟོན་དོ་དམ་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས་སྤྱི་ལོ ༢༠༡༨ ལོའི་མེ་ཟོན་ལས་དོན་དེ་ལེགས་ལ་མྱུར་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཚབ་ཆེའི་མེ་སྐྱོན་ཐོན་རྒྱུར་སྔོན་འགོག་ནན་པོ་བྱས་ནས། དགུན་དཔྱིད་གཉིས་སུ་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།།