༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ནན་དུ་གསུངས་དོན།

来源:ཤིན་ཧྭ་གསར་འགྱུར་ཁང་།2019-08-25 10:48:47 查看数0

ཡིད་ཆེས་བརྟན་གཏོང་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་བློ་གཅིག་བཅས་ཀྱིས་དམངས་ཕྱུག་ཀན་དར་གྱི་རྣམ་པ་གསར་པ་གཏོད་དགོས།

655631_yis_1566530926696_s.jpg

ཟླ་༨ཚེས་༡༩ཉིན་ནས་ཚེས་༢༢ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་བ་རེད།

འདི་ནི་ཚེས་༡༩ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཏུན་ཧོང་བྲག་ཕུག་ཏུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་ནས་བྱམས་བརྩེའི་འཚམས་འདྲི་གནང་བཞིན་པ།

655630_yis_1566530926336_s.jpg

ཟླ་༨ཚེས་༡༩ཉིན་ནས་ཚེས་༢༢ཉིན་བར་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་བ་རེད།

འདི་ནི་ཚེས་༢༡ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་གི་པ་པུའུ་བྱེ་བཅོས་ནགས་རར“རྒད་པོ་དྲུག”གི་འཐུས་མི་དང་། དེ་བཞིན་ནགས་རའི་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

ཏང་གི་ལས་དོན་མཐའ་དག་ནི་མི་སེར་གྱི་ཁེ་ཕན་བསམས་པ་དང་མི་སེར་བདེ་སྐྱིད་ཡོང་བར་བྱ་རྒྱུ་ནི་ཏང་གི་བྱ་གཞག་ཡིན། ཡུལ་མི་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ནི་གོམ་སྟབས་དང་པོ་ཡིན། གོམ་སྟབས་རྗེས་མར། ཡུལ་མི་ཚོ་དབུལ་སྒྲོལ་བརྟན་པོ་ཡོང་བ་འགན་ལེན་བྱས་ནས། དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་རུ་ཁག་སྐབས་ཤིག་རིང་རང་སོར་བཞག་ནས། ཐོན་ལས་འཕེལ་རྒྱས་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ཐབས་ཤེས་དང་ཐབས་ལམ་བཙལ་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་མང་ཚོགས་སྡོད་ཐུབ་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་ཡོད་པ་བཅས་བྱས་ཏེ་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བ་བྱེད་དགོས།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། ཡིད་ཆེས་བརྟན་གཏོང་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་བློ་གཅིག་བཅས་བྱས་ནས། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་གཏོང་བཅས་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། དམངས་ཕྱུག་ཀན་དར་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་དུས་རབས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

སྟོན་འགོའི་རྨ་ནུབ་དོག་ལམ་རྒྱུད་དུ་སྟོན་རླུང་བསིལ་བསིལ་ལྡང་བ་དང་ཀྭ་རིགས་ཀྱི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད། མདོ་ལ་རིང་མོ་དང་བྱེ་ཐང་སྔོ་ལྗང་ཁུལ་མཛེས་སྡུག་རི་མོ་ལྟར་དུ་གྲུབ་ཅིང་། ཟླ་༨ཚེས་༡༩ནས་༢༢ཉིན་བར། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏུའོ་དང་ཧྲེང་ཀྲང་ཐང་རེན་ཅན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཅིའུ་ཆོན་དང་། ཅ་ཡུས་ཀོན་འགག་སྒོ ཀྲང་ཡེ། ཝུའུ་ཝུའེ། ལན་ཀྲོའུ་སོགས་སུ་ཕེབས་ནས་རིག་དངོས་སྲུང་སྐྱོབ་ཚན་པ་དང་། གྲོང་གསེབ། སློབ་གྲྭ རྩྭ་ར་དང་ནགས་ར། གསར་བརྗེའི་དྲན་གསོ་ཁང་། འབྲུབ་འགོག་ལས་གྲྭ རིག་གནས་ཁེ་ལས་སོགས་སུ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ལ་བརྟག་ཞིབ་གནང་བ་རེད།

ཚེས་༡༩ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གནམ་གྲུར་བཞུགས་ཏེ་པེ་ཅིང་ནས་ཅིའུ་ཆོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཏུན་ཧོང་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་མ་ཐག་མོ་ཀའོ་བྲག་ཕུག་གི་ལོ་རྒྱུས་འཕེལ་རིམ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་གི་གནས་ཚུལ་ལ་རྟོག་ཞིབ་དང་མཁྱེན་རྟོགས་གནང་བ་དང་ཆབས་ཅིག་བྲག་ཕུག་ནང་ཕེབས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཚོན་ཁྲ་ཅན་གྱི་འཇིམ་སྐུ་དང་ལྡེབས་རིས་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་རིག་དངོས་ཤུལ་བཞག་དེ་དག་ལ་གཅེས་འཛིན་ལྡབ་བརྒྱ་བྱས་ནས་སྲུང་སྐྱོང་སྔོན་འཇོག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། བྲག་ཕུག་གི་བཟོ་བཀོད་དང་། ཚོན་རིས། ལྡེབས་རིས་བཅས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱད་ནས་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་རིག་གནས་ཤུལ་བཞག་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་ཏུན་ཧོང་ཞིབ་འཇུག་ཁང་དུ་ཕེབས་ནས་གཅེས་ཉར་རིག་དངོས་དང་རིག་གཞུང་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་། རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་དང་། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་དར་སྤེལ་གཏོང་བའི་སྐོར་གྱི་ངོ་སྤྲོད་གསན་པ་དང་ཆབས་ཅིག་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། རིག་གནས་ཚན་པའི་འཐུས་མི་བཅས་དང་བཞུགས་མོལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏུན་ཧོང་གི་རིག་གནས་སྲུང་སྐྱོང་ཞིབ་འཇུག་ལས་དོན་ལ་ཁས་ལེན་གནང་བ་དང་འབྲེལ། ཏུན་ཧོང་གི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་དང་ཤེས་དཔལ་སྣ་ཚོགས་དུས་ཡུན་རིང་པོའི་ནང་སྤེལ་རེས་མཉམ་འདྲེས་བྱུང་བའི་འབྲས་བུ་ཞིག་རེད། ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་པར་བློ་རྒྱ་དེ་བས་ཆེ་བར་རྟེན་པ་དང་། རྒྱལ་ཁབ་ཁག་དང་རིག་གནས་སྤེལ་རེས་དེ་བས་རྒྱ་ཁྱབ་བྱེད་པ། འཛམ་གླིང་གི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་དེ་བས་རང་འགུལ་ངང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། ཏུན་ཧོང་གི་རིག་གནས་ཞིབ་འཇུག་དང་དར་སྤེལ་གཏོང་བར་ཏུན་ཧོང་གི་རིག་གནས་དང་ལོ་རྒྱུས་ལ་འདུས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་རིག་གནས་ཀྱི་བསམ་བློ། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཚད་ལྡན་སོགས་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ལ། དེར་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བསམ་བློ་དང་རིག་གནས་ཀྱི་བློ་རྒྱ་དེ་བས་མངོན་པར་བྱས་ཏེ། རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཚེས་༢༠ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཅ་ཡུས་ཀོན་འགག་སྒོར་ཕེབས་ནས་འགག་གྲོང་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་ལྕགས་རི་རིང་པོ་སྲུང་སྐྱོང་གི་གནས་ཚུལ་གསན་ཞིང་། ཁོང་གིས་ལྕགས་རི་རིང་པོར་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་དང་ཀུན་སེམས་གཅིག་སྒྲིལ་དང་གཞོམ་ཞིག་མེད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་འདུས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་བཤད་གནང་བ་རེད།

ཅ་ཡུས་ཀོན་འགག་སྒོ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོའི་རྡོ་རིང་དང་དམག་སར་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་སྤྱི་པའི་བང་སོ་མཇལ་བ་དང་འབྲེལ། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་རེད། ལོ་༨༠ཡི་གོང་། ནུབ་ལམ་དམག་དཔུང་རྨ་ནུབ་ཏུ་བསྐྱོད་ནས་བློ་ཁོག་ཆེན་པོས་དམག་འཐབ་བྱས་ཏེ་དགའ་སྐྱོ་གཉིས་ལྡན་གྱི་ནུབ་པ་མེད་པའི་མཛད་རྗེས་བཏོད་ཡོད། དྲན་གསོ་ཁང་དུ། ཞི་ཅིན་ཕིང་གིས་སྐབས་དེ་དུས་ཀྱི་དམག་འཐབ་ལོ་རྒྱུས་དང་མི་སེམས་འགུལ་བའི་མཛད་རྗེས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཀྲུང་གོ་གསར་པ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བཏོད་པ་ཞིག་རེད། གསར་བརྗེའི་སྲིད་དབང་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚེས་༢༠ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཧྲན་ཏན་རྫོང་དུ་ཕེབས་ནས་ཧྲན་ཏན་ཕེ་ལི་སློབ་གྲྭར་རྟོག་ཞིབ་གནང་བ་རེད། ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་འཛིང་པ་ནེའུ་ཙི་ལན་གྱི་གྲགས་ཅན་སྤྱི་ཚོགས་བྱེད་སྒོ་མཁས་ཅན་ལུའུ་དབྱི·ཨའེ་ལི་ཡིས་༡༩༤༢ལོར་བཙུགས་པ་ཞིག་རེད། ཞི་ཅིན་ཕིང་གིས་སློབ་གྲྭའི་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཁོང་གིས་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བར་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་ལ། བཟོ་བོའི་སྙིང་སྟོབས་ཀྱང་དར་སྤེལ་ཤུགས་ཆེན་གཏོང་དགོས་པས། ལས་རིགས་སློབ་གསོའི་མདུན་ལམ་རྒྱ་ཆེ་བ་དང་གཉེར་རིན་ཆེན་པོ་ཡོད། ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ལྡན་པའི་ལས་རིགས་སློབ་གྲྭ་ཞིག་རེད། སྐུ་ཞབས་ལུའུ་དབྱི·ཨའེ་ལི་ཡིས་བཏོན་པའི“ལག་སྒུལ་བསམ་གཞིག་དང་གསར་གཏོད་དབྱེ་ཞིབ”ཀྱི་སློབ་གཉེར་གྱི་དམིགས་ཡུལ་དེ་ད་ཆ་ང་ཚོས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་སྔར་བཞིན་དཔྱད་གཞིར་འཛིན་འོས་པའི་དོན་སྙིང་ལྡན་ཡོད་ཅེས་བསྟན་གནང་བ་རེད།

ཕེ་ལི་སློབ་གྲྭ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཧྲན་ཏན་རྟ་ར་ཚད་ཡོད་ཀུང་སིའི་རྟ་ར་དང་པོར་ཕེབས་ནས་རྟ་རའི་ལོ་རྒྱུས་ཁང་ལ་གཟིགས་སྐོར་གནང་བ་དང་ཆབས་ཅིག རྟ་རའི་ལོ་རྒྱུས་འཕེལ་རིམ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་ཀན་སུའུ་དང་རྨ་ནུབ་དོག་ལམ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། འཐབ་ཇུས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་བ་རེད།

ཚེས་༢༡ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐན་སྣོད་བཅུད་གནས་སྤོས་ཡུལ་མི་ཆུས་ཧྥུའུ་མིན་གྲོང་གསར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཡུལ་མི་ཚོའི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་གཟིགས་རྗེས། ཞི་ཅིན་ཕིང་ལ་དགྱེས་ཚོར་ཆེན་པོ་བྱུང་བ་རེད། གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་དམངས་ཕན་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་ལས་དོན་མི་སྣར་དམངས་ཕན་སྲིད་ཇུས་ཁག་གི་དོན་འཁྱོལ་གནས་ཚུལ་དང་གནས་སྤོ་བྱས་རྗེས་ཀྱི་དམངས་ཕན་ཞབས་ཞུའི་བྱ་ཐབས་བཀའ་འདྲི་གནང་བ་རེད། དེ་རྗེས། ཁོང་ཞབས་ཐང་མར་ཉེ་འགྲམ་གྱི་ཧྥུའུ་མིང་སློབ་ཆུང་དུ་ཕེབས་པ་རེད། ཞི་ཅིན་ཕིང་རོལ་དབྱངས་སློབ་ཁང་དུ་ཕེབས་ནས་སློབ་ཁྲིད་བྱེད་བཞིན་པའི་རོལ་དབྱངས་སློབ་ཚན་ལ་ནན་ཏན་ངང་གཟིགས་པ་རེད། ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པའི་ཕྲུ་གུ་ཚོས་སྤོ་བོ་ཞི་ལགས་ཕེབས་པ་མཐོང་སྐབས་དགའ་སྤྲོ་ཆེན་པོའི་ངང་ཚུར་རུབ་ཡོང་བ་དང་། ཞི་ཅིན་ཕིང་གིས་ཁོ་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་སྟེ། ཁོ་ཚོའི་དབྱར་གསེང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་ཆབས་ཅིག ཁོ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་གྲོང་ཚོའི་འགྲོ་ལམ་བརྒྱུད་དེ་ཞབས་ཐང་མར་གྲོང་ཚོའི་རྣམ་པར་གཟིགས་པར་ཕེབས་པ་རེད། ཡུལ་མི་ལི་ཡིང་ཁྲོན་གྱི་ནང་མི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚོའི་ཁྱིམ་དུ་སྐུ་མགྲོན་ལ་གདན་དྲངས་པ་རེད། ཞི་ཅིན་ཕིང་སྒོ་རའི་ནང་ཕེབས་ནས་ཁང་པའི་ཕྱི་ནང་ཚང་མར་ཞིབ་ཕྲ་གཟིགས་ཏེ་སྡོད་ཁང་ལེགས་བཅོས་དང་ཆུ་དང་གསང་སྤྱོད་ལེགས་བཅོས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ལི་ཡིང་ཁྲོན་གྱི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་ཁྱིམ་ཚང་གི་ལས་ཞུགས་དང་། ཡོང་འབབ། ནད་བསྟེན། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་བཅོལ། ཕྲུ་གུ་སློབ་ཞུགས་སོགས་ཀྱི་ཐད་དཀའ་ངལ་གང་འདྲ་ཡོད་མིན་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་གི་ལས་དོན་མཐའ་དག་ནི་མི་སེར་གྱི་ཁེ་ཕན་ཆེད་དུ་ཡིན་པས། མི་སེར་བདེ་སྐྱིད་ལྡན་པ་ནི་ཏང་གི་བྱ་གཞག་རེད། ཡུལ་མི་དབུལ་པོ་དབུལ་སྒྲོལ་ཐུབ་པ་ནི་གོམ་སྟབས་དང་པོ་རེད། གོམ་སྟབས་རྗེས་མར་ཡུལ་མི་ཚོ་དབུལ་སྒྲོལ་བརྟན་པོ་ཡོང་བར་བྱས་ནས་དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་རུ་ཁག་སྐབས་ཤིག་རིང་རང་སོར་བཞག་ནས་ཐོན་ལས་འཕེལ་རྒྱས་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ཐབས་ཤེས་དང་ཐབས་ལམ་བཙལ་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་མང་ཚོགས་སྡོད་ཐུབ་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་ཡོད་པ་བཅས་བྱས་ཏེ་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་པ་པུའུ་བྱེ་བཅོས་ནགས་རར་ཕེབས་པ་རེད། ཞི་ཅིན་ཕིང་གིས་རྒྱང་ལྟ་གནང་བཞིན་ནགས་རའི་རྣམ་པ་ཧྲིལ་པོར་གཟིགས་པ་དང་འབྲེལ་ཝུའུ་ཝུའེ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་སྙན་སེང་དང་པ་པུའུ་བྱེ་བཅོས་ནགས་རའི“རྒད་པོ་དྲུག”གི་མི་རབས་གསུམ་གྱི་བྱེ་བཅོས་ནགས་བཟོའི་མི་སེམས་འགུལ་བའི་བྱས་རྗེས་གསན་པ་རེད། ནགས་རའི་ལས་བཟོ་ཁ་ཤས་ཀྱིས“སྤང་ལྗོངས་གྲུ་བཞིའི་བྱེ་བཅོས་ལས་ཀ”བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིང་ཁོ་ཚོའི་འཁྲིས་སུ་ཕེབས་ནས་ཁོ་ཚོར་ལས་ཀ་བྱེད་སྟངས་བཀའ་འདྲི་གནང་བ་དང་ཆབས་ཅིག རྐོ་མ་བསྣམས་ནས་ཁོ་ཚོ་དང་མཉམ་དུ་ཕྱག་ལས་གནང་བ་རེད། ཞི་ཅིན་ཕིང་གིས་ཁོ་ཚོར་པ་པུའུ་བྱེ་བཅོས་ནགས་རའི“རྒད་པོ་དྲུག”གི་དཔའ་བོའི་བྱས་རྗེས་སྔ་ས་ནས་དུད་ཚང་ཚང་མས་ཤེས་ཀྱི་ཡོད། དུས་རབས་གསར་པར“རྒད་པོ་དྲུག”འདྲ་བའི་དེང་རབས་ཀྱི་ཡུས་ཀུང་དང་དུས་རབས་ཀྱི་མིག་དཔེ་དེ་བས་མང་པོ་དགོས་ཀྱི་ཡོད། དཀའ་ངལ་འཕྲད་སྐབས་མགོ་བོ་མི་སྒུར་བ་དང་བྱེ་ཐང་སྤང་ལྗོངས་སུ་སྒྱུར་བའི“རྒད་པོ་དྲུག”གི་འབད་ཐབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། མི་ཀུན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཞུགས་ཏེ་རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་སྐུལ་ལྕག་བྱེད་དགོས། བྱ་གཞག་གང་ཞིག་ཡིན་རུང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཁ་འབྲལ་ཐབས་མེད། གུང་ཁྲན་ཏང་ཡོན་གྱིས་ལས་ཀ་སྔོན་ལ་བྱེད་པ་དང་གདོང་མཆོང་བྱེད་ཕོད་ཚེ། མང་ཚོགས་སྐུལ་ཁྲིད་དང་། གཅིག་སྒྲིལ། སྒྲིག་འཛུགས་བཅས་ཐུབ་ནས་བྱ་གཞག་ཆེན་པོ་ཞིག་འགྲུབ་ཐུབ་ངེས་རེད་ཅེས་གསུངས།

ཚེས་༢༡ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལན་ཀྲོའུ་གྲོང་ཁྱེར་གྱི་རྨ་ཆུ་བཅོས་སྐྱོང་གི་ལན་ཀྲོའུ་ལྕགས་ལམ་གཤེར་འཐེན་འབབ་ཚུགས་ཀྱི་རྣམ་གྲངས་ས་ཚིགས་སུ་ཕེབས་ནས་ཀན་སུའུ་ཞིང་ཆེན་དང་ལན་ཀྲོའུ་གྲོང་ཁྱེར་གྱིས་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་གི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་རྨ་ཆུ་དང་འབྲི་ཆུ་གཉིས་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་རེད། མ་ཡུམ་གཙང་པོ་སྲུང་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དུས་གཏན་གྱི་ཇུས་ཆེན་ཞིག་རེད། ཀན་སུའུ་ནི་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་རེད། རྨ་ཆུའི་ཆུ་སྟོད་ཀྱི་སྣོད་བཅུད་སླར་གསོ་དང་། ས་ཆུ་སྲུང་འཛིན། སྦགས་བཙོག་འགོག་བཅོས་བཅས་ཀྱི་ལས་འགན་གལ་ཆེན་སྔོན་ལ་ཁུར་ནས་ལན་ཀྲོའུ་ཡིས་རྨ་ཆུའི་ཆུ་གཙང་མ་ཡོང་བའི་ཐད་སྔོན་ལ་ནུས་ཤུགས་འདོན་པ་དང་སྣེ་ཁྲིད་བྱེད་དགོས་ཞེས་བསྟན་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་ཀློག་པ་པོའི་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཁོང་གིས་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་ཀློག་ནོར་བུའི་གླིང་གི་སྤྱི་ཚོགས་ཤིག་བསྐྲུན་ནས་རྒྱུན་ཆད་མེད་པར་མི་དམངས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་དང་བསམ་པའི་སྟོབས་ཤུགས་ཆེ་རུ་བཏང་ཚེ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དེ་བས་ཕུན་སུམ་ཚོགས་པ་དང་བཀྲག་མདངས་ལྡན་པ་ཞིག་ཡོང་སྲིད། མི་དམངས་ལ་བསམ་པའི་རིག་གནས་ཀྱི་ཐོན་རྫས་ཕུལ་བྱུང་དེ་བས་མང་བ་མཁོ་འདོན་བྱེད་པ་ནི་ཕན་པ་བསམ་གྱིས་མི་ཁྱབ་པའི་བྱ་བ་ཞིག་རེད། ཕྱོགས་སྟོན་ཡང་དག་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བྱ་གཞག་གཙོ་བོ་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་གཉེར་སྐྱོང་སྣ་མང་ཅན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཚེས་༢༢ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ཏེ། ཀན་སུའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། ཀན་སུའུ་ཡི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཏན་ཏན་ཏིག་ཏིག་ངང་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཐུགས་རེའང་གནང་བ་རེད།

ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་ཟབ་ཏུ་གཏོང་བར་འབེན་མི་འཁྱོག་པ་དང་། གཙོ་གནད་མི་ཐོར་བ། ཚད་གཞི་མི་འགྱུར་བ་བཅས་བྱེད་དགོས། “སེམས་ཁྲལ་མེད་པ་གཉིས”ཡོངས་ཁྱབ་ཏུ་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག“འགན་ལེན་གསུམ”ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་སེལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་པ། “ཀྲོའུ་གཉིས་དང་རྫོང་གཅིག”དང་ཞིང་ཆེན་༡༨ཀྱིས་གཏན་འཁེལ་བྱས་པའི་ཤིན་ཏུ་དབུལ་པོའི་རྫོང་གཙོ་གནད་དུ་བཟུང་སྟེ། གྲོང་ཚོ་དང་། དུད་ཚང་། ཡུལ་མི་སོགས་ཚང་མའི་གནད་དོན་ཐག་གཅོད་བཅས་བྱས་ཏེ། དབུལ་པོའི་མཁར་རྫོང་མཐའ་མ་དེ་མཐའ་གཅིག་ཏུ་གཏོར་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཞན་ཆ་གསབ་པར་དམིགས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ། བྱེད་ནུས་འཐུས་སྒོ་ཚང་བ། འདེགས་སྐྱོར་གྱི་ནུས་པ་ལྡན་པ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་པོ་སྐྲུན་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མགྱོགས་པོ་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། སྒྱུར་བཅོས་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་རྣམ་པ་གསར་པ་མགྱོགས་པོ་གཏོད་པ། ཟུར་སྣོན་རིན་ཐང་མཐོ་བའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་གཉིས་སྤྱི་འདོམས་བྱེད་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གསར་སྤེལ་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་དང་སྣོད་བཅུད་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་ནས་རྒྱལ་ཁབ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་དགོས། རྨ་ཆུ་བཅོས་སྐྱོང་བྱེད་པར་གཙོ་ཆེ་ཤོས་ནི་སྲུང་སྐྱོང་དང་གལ་ཆེ་ཤོས་ནི་བཅོས་སྐྱོང་རེད། རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་དང་། ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་གྱིས་སྐུལ་འདེད། རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས། དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ། སྤྱི་པའི་ཞབས་ཞུའི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་ལབ་གླེང་མང་བའི་སློབ་གྲྭར་སྐྱོད་དཀའ་བ་དང་། སྨན་བཅོས་དཀའ་བ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ། གནོད་འཚེ་ཕོག་པའི་མང་ཚོགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགལ་ཟླ་སེལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས། གསར་བརྗེའི་ས་གཞི་ཞིག་ཡིན་པའི་ཀན་སུའུ་ཡིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཁྲོད་སུ་ཞིག་གིས་ཀྱང་ཚབ་བྱེད་ཐབས་འབྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀན་སུའུ་ཡིས་གསར་བརྗེའི་ཐོན་ཁུངས་སྤྱད་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ནན་ཏན་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་བྱེད་དགོས་པའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།