༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་ནས་རོན་ཧྲི་ཅིན་ཡིན་དང་མཇལ་འཛོམས་གནང་བ།

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2019-07-14 13:08:21 查看数0

ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༢ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་ཡིན་དང་མཇལ་འཛོམས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་རོན་ཧྲི་ཅིན་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུ་ཀྲུང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རོགས་གནང་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ནི་བློ་མཐུན་དང་སྤུན་ཟླའི་འབྲེལ་བ་ཡིན་ལ། འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་ཀྱང་ཡིན། དུས་སང་ནི་ཀྲུང་གོ་དང་ཝེ་ཐེ་ནམ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་གནས་བབ་ཧྲིལ་པོར་གཞིགས་ནས། མཛའ་གྲོགས་དར་སྤེལ་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཉིས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ལ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཏང་དང་ཏང་བར་འགྲོ་འོང་བྱེད་པའི་སྲོལ་རྒྱུན་བཟང་ཆ་བེད་སྤྱོད་གང་ལེགས་བྱས་ནས། ཏང་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ཏེ། ཏང་གཉིས་པོ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཐབ་ཇུས་འབྲེལ་གཏུག་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་བར་ཁྱམས་གཉིས་དང་བསྐོར་བ་གཅིག་གི་འབྲེལ་མཐུད་མཉམ་ལས་བྱ་རྒྱུས་ལམ་ཐིག་གཙོ་བོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་གྱི་ཁྱོན་ཡོངས་མཉམ་ལས་གནས་བབ་ཆགས་པ་བྱེད་དགོས། དམངས་ཁྲོད་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་མེ་སོན་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ལ་གཞིགས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་ལག་ལེན་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་མཚོ་ཐོག་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཐུན་སྦྱོར་རམས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ནི་ཕྱོགས་གཉིས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཕྱོགས་གཉིས་པོས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད་ཅེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཉེ་ལམ་ལོ་ཤས་རིང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་བར་གྱི་འགྲོ་འོང་དང་སྤེལ་རེས་མང་དུ་ཕྱིན་ཡོད་པ་དང་། མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་ཐད་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ལ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་འགན་སྲུང་ཀྱང་ཐུབ་ཡོད། ཕྱོགས་གཉིས་པོས་སླད་ཕྱིན་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། དམངས་འདོད་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་པོའི་མང་ཚོགས་བར་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུའི་ཐད་ལས་དོན་མང་ཙམ་བསྒྲུབས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།

རོན་ཧྲི་ཅིན་ཡིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུ་ཀྲུང་གིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཁོང་གིས། ཝེ་ཐེ་ནམ་གུང་ཁྲན་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བློ་མཐུན་གྱིས་དེ་སྔོན་དང་ད་ལྟ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་སེམས་ལ་བརྟན་པོར་ངེས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོའི་བློ་མཐུན་གྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འབེབས་བྱས་པའི་གོང་འཕེལ་གྱི་དམིགས་འབེན་གལ་ཆེན་ལེགས་སྒྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཝེ་ཐེ་ནམ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་བར་བྱུང་བའི་འཐབ་ཇུས་ཐད་ཀྱི་ཐུན་མོང་ངོས་འཛིན་གྱིས་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་འགྲོ་ལམ་ཐོག་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་དང་། སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འགལ་ཟླ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་བྱས་ནས། ཝེ་ཐེ་ནམ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།