༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་བཙོན་འགྲོལ་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ།

来源:མི་དམངས་དྲ་བ།2019-07-02 10:59:49 查看数0

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༦ཚེས་༢༩ཉིན་གློག་འཕྲིན་འབྱོར་གསལ། ཚེས་༢༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་བཙོན་འགྲོལ་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་སྟེ། ཚེས་༢༩ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་སྐབས་སུ་ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་པ་ཁག་གཅིག་ལ་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་གཞིར་བཟུང་ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་པ་རིགས་དགུ་ལ་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུ་རེད།
     རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་བཙོན་འགྲོལ་གྱི་བཀའ་རྒྱ་གཞིར་བཟུང་། ༢༠༡༩ལོའི་ཟླ་༡ཚེས་༡ཉིན་གོང་མི་དམངས་ཁྲིམས་ཁང་གིས་གོ་ཆོད་ཁྲུན་ཐག་བཅད་པ་དང་ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་པ་རིགས་དགུ་ལ་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་མྱོང་མཁན་དང་། གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་ཕྱིར་ཕྱི་རྒོལ་དམག་འཐབ་ནང་ཞུགས་མྱོང་མཁན། གསུམ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ནང་ལེགས་སྐྱེས་ཆེ་ཙམ་ཕུལ་མྱོང་བའམ་ཡང་ན་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི“ངལ་རྩོལ་དཔེ་བཟང་བ”དང་། “སྔོན་ཐོན་ལས་དོན་པ”“ལྔ་གཅིག་ངལ་རྩོལ་གཟེངས་རྟགས”སོགས་གཟི་བརྗིད་མཚན་སྙན་ཐོབ་མྱོང་མཁན། བཞི་ནི་དངོས་ཞབས་དམག་མི་བྱེད་མྱོང་བ་དང་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཡན་གྱི་བྱ་དགའ་ཐོབ་མྱོང་མཁན། ལྔ་ནི་འགོག་སྲུང་ཐལ་དྲགས་པའམ་ཡང་ན་ཉེན་ཡོལ་ཐལ་དྲགས་པའི་རྐྱེན་གྱིས་དུས་བཀག་བཙོན་འཇུག་ལོ་གསུམ་མན་བྱས་པའམ་ཡང་ན་ཁྲིམས་ཆད་དུས་བཅད་ལོ་གཅིག་མན་ལས་ལྷག་མེད་མཁན། དྲུག་ནི་རང་ལོ་ཧྲིལ་པོ་༧༥དང་གཟུགས་པོ་དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པའི་དབང་གིས་འཚོ་བའི་ཐད་རང་རྐྱ་འཕེར་མི་ཐུབ་མཁན། བདུན་ནི་ཉེས་པ་གསོག་སྐབས་རང་ལོ་ཧྲིལ་པོ་བཅོ་བརྒྱད་ལ་མ་སླེབས་པ་དང་དུས་བཀག་བཙོན་འཇུག་ལོ་གསུམ་མན་བྱས་པའམ་ཡང་ན་ཁྲིམས་ཆད་དུས་བཅད་ལོ་གཅིག་མན་ལས་ལྷག་མེད་མཁན། བརྒྱད་ནི་བཟའ་ཟླ་གྲོངས་ནས་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ཡོད་པའམ་ཡང་ན་དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པ་དང་འཚོ་བའི་ཐད་རང་རྐྱ་འཕེར་མི་ཐུབ་པའི་བུ་ཕྲུག་ཡོད་པ་དང་རང་ཉིད་ཀྱིས་གསོ་དགོས་པའི་བུད་མེད་ཡོད་མཁན་བཅས་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ་ཡང་ན་ཁྲིམས་ཆད་དུས་བཅད་ལོ་གཅིག་མན་ལས་ལྷག་མེད་མཁན། དགུ་ནི་ཚོད་བགམ་གློད་གྲོལ་གྱི་ཁྲུན་ཐག་བཅད་ནས་ཚོད་བགམ་གློད་གྲོལ་གྱི་དུས་བཅད་ལྔ་ཆ་གཅིག་ཡན་ལག་བསྟར་བྱས་པའམ་ཡང་ན་དོ་དམ་ཁྲིམས་ཆད་སྤྱོད་རིགས་བཅས་རེད།
    རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་བཙོན་འགྲོལ་བཀའ་རྒྱའི་ནང་ད་དུང་གོང་གསལ་བཙོན་འགྲོལ་རིགས་དགུའི་ནང་གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་ཚེ་དམིགས་བསལ་བཙོན་འགྲོལ་བྱེད་མི་ཆོག་པ་ཁ་གསལ་བཏོན་པ་སྟེ། གཅིག་ནི་རིགས་གཉིས་པ་དང་། གསུམ་པ། བཞི་པ། བདུན་པ། བརྒྱད་པ། དགུ་པ་སོགས་ནང་ལྐོག་ཟ་ལྐོག་རྔན་གྱི་ཉེས་པ་གསོག་མཁན་དང་། དམག་མིས་རང་འཁྲིའི་འགན་འཁྲི་ལས་འགལ་བའི་ཉེས་པ་བསགས་པ། རྐང་བཙུགས་ནས་མི་གསོད་པ་དང་། བཙན་གཡེམ། འཕྲོག་བཅོམ། བཙན་ཁྲིད། མེ་རྒྱག འབར་གཏོར། ཉེན་ཁའི་དངོས་པོ་འཇོག་མཁན་བཅས་སམ་ཡང་ན་སྒྲིག་འཛུགས་ཡོད་པའི་གཏུམ་སྤྱོད་རང་བཞིན་གྱི་ཉེས་པ་བསགས་པ། ནག་ཚོགས་རང་བཞིན་གྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་། དུག་ཚོང་ཉེས་གསོག རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་གསོག འཇིགས་སྐུལ་བྱེད་སྤྱོད་ཉེས་གསོག་གི་ཉེས་ཅན་པ་བཅས་དང་དེ་བཞིན་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་ཉེས་ཅན་གཏེ་པོ་དང་ནག་ཉེས་བསྟུད་མར་གསོག་མཁན་བཅས་དང་། གཉིས་ནི་རིགས་གཉིས་པ་དང་། གསུམ་པ། བཞི་པ། དགུ་པ་བཅས་ནང་ཁྲིམས་ཆད་དུས་བཅད་ལོ་བཅུ་ཡན་ལྷག་ཡོད་པ་དང་སྔར་བཞིན་དུས་བཀག་བཙོན་འཇུག་དང་སྲོག་ཐོག་དུས་འགྱངས་ལག་བསྟར་བྱེད་བཞིན་པ། གསུམ་ནི་དེ་སྔ་དམིགས་བསལ་བཙོན་འགྲོལ་བྱས་ཀྱང་ཉེས་པ་བསགས་པའི་རྐྱེན་གྱིས་ཁྲིམས་ཆད་ཕོག་མཁན། བཞི་ནི་ཉེས་པ་ཁས་ལེན་མི་བྱེད་པའམ་ཡང་ན་སྔ་འགྱོད་ཕྱི་འདོམས་མི་བྱེད་མཁན། ལྔ་ནི་ཚོད་སྐོར་བྱས་པ་བརྒྱུད་དངོས་ཡོད་སྤྱི་ཚོགས་ལ་ཉེན་ཁ་ཡོད་མཁན་བཅས་རེད།
    རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དམིགས་བསལ་བཙོན་འགྲོལ་བཀའ་རྒྱའི་ནང་༢༠༡༩ལོའི་ཟླ་༦ཚེས་༢༩གོང་གསལ་ཆ་རྐྱེན་དང་འཚམ་པའི་ཁྲིམས་ཆད་འཁུར་མཁན་ཉེས་ཅན་པར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲུན་ཐག་བཅད་རྗེས་བཙོན་འགྲོལ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།