༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཀྲུང་དབྱང་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས།

来源:2017-12-31 12:20:23 查看数0

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ནས་དགུ་ཉིན་བར་ཀྲུང་དབྱང་གྲོང་གསེབ་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད། གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་གསུམ་ལས་དོན་ལ་འཕྲད་པའི་གནས་བབ་དང་ལས་འགན་ལ་སྒོ་ཀུན་ནས་དབྱེ་ཞིབ་གནང་བ། ཤང་གྲོང་དར་རྒྱས་འཐབ་ཇུས་ཀྱི་སྲིད་ཇུས་གལ་ཆེན་ཞིབ་འཇུག་དང་ལག་བསྟར་བྱེད་པ། སྤྱི་ལོ་༢༠༡༨དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཞིང་ལས་གྲོང་གསེབ་ལས་དོན་ཐད་བཀོད་སྒྲིག་གནང་བ་བཅས་བྱས་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆད་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་ལི་ཀྲན་ཧྲུའུ། དབང་ཡང་། ཝང་ཧུ་ཉིང་། ཀྲའོ་ལེ་ཅེས། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད།

ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཞིང་གསུམ་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་ཕྱོགས་བསྡོམས་གནང་བ་དང་། ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་གནད་དོན་གཙོ་གྲས་ལ་འགྲེལ་བརྗོད་གནང་ནས་དེ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་བླང་བྱ་གསལ་པོ་སྟོན་ཡོད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་གཙོ་གནད་ལས་འགན་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་ཡོད། དབང་ཡང་གིས་གྲོས་ཚོགས་མཇུག་འགྲིལ་སྐབས་ཕྱོགས་བསྡོམས་བསྐྱོན་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ལས་གྲོང་གསེབ་གོང་འཕེལ་ཐད་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་གནང་བ་བཅས་ནི་ང་ཚོའི་ཏང་གི་ཞིང་གསུམ་ལས་དོན་གྱི་རིག་གཞུང་གི་གྲུབ་འབྲས་གསར་པ་ཞིག་དང་། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག འདི་ནི་འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱི་ཞིང་ལས་གྲོང་གསེབ་གོང་འཕེལ་ཐད་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཚན་རིག་རིག་གཞུང་ཞིག འདི་ནི་ཤངགྲོང་དར་རྒྱས་འཐབ་ཇུས་ལག་བསྟར་དང་དུས་རབས་གསར་པའི་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པའི་བྱ་སྤྱོད་ཕྱོགས་སྟོན་ཞིག་བཅས་ཡིན་པའི་ངོས་འཛིན་བྱས་ཡོད།

ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ནི་ང་ཚོའི་ཏང་གི་ཞིང་གསུམ་ལས་དོན་ཐད་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་རྒྱུད་འཛིན་དང་གོང་འཕེལ་བཏང་བ་ཞིག་དང་། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པའི་གཞི་འཛིན་ས་གཙོ་བོ་ཞིག་རེད། སྒོ་ཀུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ། ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རེ་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་འཛུགས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་བླང་བྱ་དོན་འཁྱོལ་བྱེད་པ། གནད་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་རྒྱུན་འཁྱོངས་བྱ་དགོས།

གྲོས་ཚོགས་ཐོག ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་དམིགས་འབེན་ལས་འགན་དང་གཞི་རྩའི་རྩ་དོན་བཏོན་ཡོད། སྤྱི་ལོ་༢༠༢༠ལོར་སླེབས་དུས། ཤང་གྲོང་དར་རྒྱད་འཐབ་ཇུས་ལ་གལ་ཆེའི་འཕེལ་རིམ་ཐོན་པ་བྱ་རྒྱུ་དང་། ལམ་ལུགས་སྒྲོམ་གཞི་དང་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱ་རྒྱུ། སྤྱི་ལོ་༢༠༣༥ལོར་སླེབས་དུས་ཤང་གྲོང་དར་རྒྱས་འཐབ་ཇུས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱ་རྒྱུ། ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་འགྱུར་བ་བྱ་རྒྱུ། སྤྱི་ལོ་༢༠༥༠ལོར་སླེབས་དུས། ཤང་གྲོང་སྒོ་ཀུན་ནས་དར་རྒྱས་ཐུབ་པ་དང་། ཞིང་ལས་སྟོབས་ཆེ་ཞིང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་སྒོ་ཀུན་ནས་མངོན་འགྱུར་ཐུབ་པ་བཅས་བྱ་དགོས། ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བར། ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞིང་ལས་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་པའི་བྱེད་པོའི་གནས་བབ་རྒྱུན་འཁྱོངས་བྱེད་པ། ཤང་གྲོང་སྒོ་ཀུན་ནས་དར་རྒྱས་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་བསྲེས་གོང་འཕེལ་ཡོང་བ་བྱ་རྒྱུ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་འགྲོ་ལམ་ཐོག་བསྐྱོད་པར། གཅིག་ནས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས། དེ་ཡང་། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་གྲོང་གསེབ་ལ་འཇོག་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རིམ་པ་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་དང་ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྐྱོན་བྲལ་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་གཏོང་བ། རིམ་བཞིན་དམངས་ཡོངས་ལ་ཁེབས་པ་དང་། ཀུན་ཕན་མཉམ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་རྐྱེན་དང་འཚམ་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་དུ་ཐེམ་ཐོ་བཟོ་བ་དང་གཏན་སྡོད་བྱེད་ཏུ་འཇུག་པ། རྣམ་པ་གསར་པའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བཟོ་ཞིང་ཕན་ཚུལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས། ཁྱོན་ཡོངས་ཟུང་འབྲེལ། ཐུན་མོང་དར་རྒྱས་བཅས་ཀྱི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་གང་མགྱོགས་ཆགས་པ་བྱེད་དགོས། གཉིས་ནས་ངེས་པར་དུ་གྲོང་གསེབ་ཀྱི་གཞི་རྩའི་ལས་གཉེར་ལམ་ལུགས་བརྟན་དུ་དང་འཐུས་སྒོ་ཚང་དུ་བཏང་ནས། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དགོས། དེ་ཡང་། གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་རྒྱུ་རྒྱུན་འཁྱོངས་དང་། ཁྱིམ་ཚང་ཁེ་གཉེར་གྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་རྒྱུན་འཁྱོངས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་བཅས་བྱེད་པ་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཁྲོམ་རའི་དཔལ་འབྱོར་གྱི་རེ་བ་དང་འཚམ་པའི་མཉམ་སྡེབ་དཔལ་འབྱོར་ཁོར་རྒྱུག་སྒྲིག་གཞི་འཛུགས་པ། མཉམ་སྡེབ་རྒྱུ་ནོར་གྱི་རིན་ཐང་སྲུང་འཕར་ལ་འགན་སྲུང་། ཞིང་པར་ཕན་པ་ཐོབ་རྒྱུར་འགན་སྲུང་བཅས་བྱེད་དགོས་དགོས། གསུམ་ནས་ངེས་པར་དུ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས། དེ་ཡང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་། སྦག་མེད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ལས་དེ་ཐོན་འཕར་ཁྲིད་ཕྱོགས་ནས་སྤུས་ཚད་ལེགས་སུ་གཏོང་བའི་ཁྲིད་ཕྱོགས་ལ་འགྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་བ། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་གྱི་མ་ལག་འཛུགས་པ། ཞིང་ལས་ཁེ་གཉེར་གྱི་གཙོ་གཟུགས་གསར་པ་གསོ་སྤེལ་ཧུར་ཐག་བྱེད་པ། ཞིང་དུད་ཆུང་ཆུང་དང་དེང་རབས་ཞིང་ལས་གོང་འཕེལ་འབྲེལ་མཐུད་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། དྲ་སྦྲེལ་དང་དེང་རབས་ཞིང་ལས་གཉིས་སྣོན་ལ་སྐུལ་འདེད་བཏང་ནས་དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་མ་ལག ཁེ་གཉེར་མ་ལག་བཅས་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཞིང་ལས་ཀྱི་གསར་གཏོད་ནུས་ཤུགས་དང་། འགྲན་རྩོད་ནུས་པ། གཙོ་རྒྱུ་ཀུན་འཛོམས་ཀྱི་ཐོན་སྐྱེད་བྱེད་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་ལས་རྒྱལ་ཁབ་ཆེན་མོ་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་དགོས། བཞི་ནས་ངེས་པར་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ནས། ཤང་གྲོང་སྦག་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས། དེ་ཡང་། སྦག་མེད་གོང་འཕེལ་གྱིས་སྐྱེ་ཁམས་དར་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་། མཚོ་མཚེའུ་རྩྭ་རྩེ་ཤིང་གི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། གྲོང་གསེབ་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་དང་སྣེ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་སྒྲིག་གཞི་འཛུགས་པ། ཞིང་ལས་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མང་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཕྱུག་པ་དང་སྐྱེ་ཁམས་མཛེས་པ་གཉིས་གཅིག་གྱུར་ཡོང་བ་བྱེད་དགོས། ལྔ་ནས་ངེས་པར་དུ་རྨོ་འདེབས་ཤེས་དཔལ་རྒྱུད་འཛིན་དང་གོང་འཕེལ་བཏང་ནས་ཤང་གྲོང་རིག་གནས་དར་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། དེ་ཡང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ། གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོམས་སྲོལ་སྒྱུར་བའི་བྱ་སྤྱོད་སྤེལ་བ། ཞིང་པའི་བསམ་པའི་ཉམས་འགྱུར་ཡག་ཏུ་གཏོང་བ། དཔལ་ཡོན་ཅན་གྱི་ཡུལ་སྲོལ་དང་ཁྱིམ་སྲོལ་ཡག་པོ། དམངས་སྲོལ་གཞུང་དྲང་བབ་ཆགས་བཅས་གསོ་སྐྱོང་བྱས་ནས། ཤང་གྲོང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དྲུག་ནས་ངེས་པར་དུ་ཤང་གྲོང་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ནས། ཤང་གྲོང་ལེགས་བཅོས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱི་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཀྱིས་ཐེ་ཞུགས་བྱེད་པ། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་དེང་རབས་ཤང་གྲོང་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་ཤང་གྲོང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་མིའི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ། ཞིང་པའི་ཁེ་ཕན་ལ་བཙན་གནོད་བྱེད་པའི་རུལ་སུངས་ཆུང་ཆུང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། བདེ་འཇགས་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་ཤང་གྲོང་སྤྱི་ཚོགས་ལ་གསོན་ཤུགས་རྒྱས་པ་དང་འཆམ་མཐུན་གོ་རིམ་ལྡན་པ་བཅས་འགན་སྲུང་བྱེད་དགོས། བདུན་ནས་ངེས་པར་དུ་གནད་འཕིགས་དབུལ་གྲོལ་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཕོངས་ཉུང་གཏོང་གི་ལམ་བུའི་ཐོག་སྐྱོད་དགོས། དེ་ཡང་། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་རྒྱུན་འཁྱོངས་བྱས་ནས་དབུལ་གྲོལ་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། དབུལ་སྐྱོར་བྱ་རྒྱུ་དེ་རིག་སྟོབས་དབུལ་སྐྱོར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། དབུལ་ཕོངས་མི་འབོར་གནད་འཕིགས་དབུལ་སྐྱོར་བྱེད་པ། ཧ་ཅང་དབུལ་བའི་ས་ཁུལ་ལ་གཅིག་བསྡུས་ཐོག་ཤུགས་སྣོན་རྒྱག་པ། དབུལ་ཕོངས་མི་འབོར་གྱི་ནང་སྐྱེད་འགུལ་ཤུགས་སྐུལ་སློང་བྱེད་པ། དབུལ་གྲོལ་འགག་འགྲོལ་གྱི་འགན་འཁྲི་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པ། དེ་བས་ནུས་ལྡན་གྱི་བྱེད་ཐབས་དང་། དེ་བས་གཅིག་བསྡུས་ཀྱི་རྒྱབ་སྐྱོར། དེ་བས་ཞིབ་ཚགས་པའི་ལས་དོན་བཅས་སྤེལ་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་བྱེད་པར་ཐག་གཅོད་དོན་སྙིང་ལྡན་པའི་གནད་འཕིགས་དབུལ་གྲོལ་གྱི་འགག་གཏོར་དམག་འཐབ་དེ་ཡག་པོ་རྒྱག་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་དགོས་ན་ངེས་པར་དུ་སྒྲིག་སྲོལ་སྒྲིག་གཞི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཤར་གྲོང་དར་རྒྱས་ལམ་ལུགས་རང་བཞིན་མཁོ་སྤྲོད་ལེགས་སུ་གཏོང་དགོས། ཐོན་དབང་ལམ་ལུགས་འཐུས་ཚང་དང་ཁྲོམ་ར་ཅན་གྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་རྒྱུ་གཙོ་གནད་དུ་བྱས་ཐོག གཙོ་གཟུགས་དང་རྒྱུ་རྐྱེན་གཙོ་བོ། ཁྲོམ་ར་བཅས་གྲུང་སྐུལ་བྱས་ཏེ་བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་ཁྱོན་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་འབྲེལ་བ་བརྟན་པོ་དང་ཡུན་རིང་སྒོ་ནས་འགྱུར་ལྡོག་མི་འགྲོ་བའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ་དང་། རེ་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་ཚད་འཐིབ་པ་ལོ་༣༠རིང་ནར་འགྱངས་བྱེད་རྒྱུའི་སྲིད་ཇུས་སྦྲེལ་མཐུད་དོན་འཁྱོལ་བྱེད་དགོས་པ་དང་། འགན་གཙང་བླངས་པའི་ས་ཞིང་གི་དབང་གསུམ་ཁག་བགོས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ཞིང་པའི་ཕན་མེད་སོར་འཇོག་ས་ཁང་དང་ཕན་མེད་སོར་འཇོག་ཞིང་ཁྱིམ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་གཅིག་བསྡུས་ཐོན་དབང་ལམ་ལུགས་བསྒྱུར་བཅོས་སྐུལ་འདེད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཞིང་ལས་ཐོན་རྫས་བསྡུ་ལེན་གསོག་འཇོག་ལམ་ལུགས་དང་རིན་གོང་གྲུབ་རྐྱེན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ལྷུག་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཞིང་པའི་ལས་ཆོད་ལུགས་མཐུན་མིན་པའི་ཚད་བཀག་དང་མཐོང་ཆུང་བྱེད་རིགས་ཡོད་ཚད་མེད་པར་བཟོ་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཤང་གྲོང་དུ་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་འདེགས་སྐྱོར་སྟོབས་ཆེར་གཏོང་དགོས། ཁྱོན་ཡོངས་ནས་ལས་རིགས་ཞིང་པའི་ལམ་ལུགས་འཛུགས་རྒྱུ་དང་། གྲོང་གསེབ་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཚན་ཞིབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་རྒྱུ། བཟོ་ཚོང་མ་རྩ་གྲོང་གསེབ་དར་རྒྱས་་གཏོང་བའི་ནང་ཐེ་ཞུགས་བྱེད་རྒྱུར་སྣེ་ཁྲིད་དང་སྐུལ་སློང་བྱེད་རྒྱུ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཤང་གྲོང་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། མ་འཇོག་དང་མ་རྩ་རུབ་བསྡུས་ཀྱི་ཐབས་ལམ་རྒྱ་སྐྱེད་དུ་གཏོང་རྒྱུ་དང་ཤང་གྲོང་དར་རྒྱས་མ་འཇོག་འགན་སྲུང་ལེགས་སུ་གཏོང་དགོས། ཤང་གྲོང་དར་རྒྱས་འཐབ་ཇུས་ནོར་སྲིད་མ་འཇོག་འགན་སྲུང་ལམ་ལུགས་འཛུགས་རྒྱུ་དང་། འཐུས་ཚང་དུ་གཏོང་བ། དོན་འཁྱོལ་བྱེད་པ་བཅས་ཀྱིས་སྤྱི་པའི་ནོར་་སྲིད་ནས་ཞིང་གསུམ་ལ་ཕྱོགས་ལྷུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་གིས་བཟུང་བའི་ས་ཆའི་ཁ་གསབ་དོ་དོ་དམ་བྱེད་ཐབས་ལ་ལེགས་བཅོས་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ཆོས་དང་འཚམས་པའི་གྲོང་གསེབ་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དངུལ་རྩའི་ཞབས་ཞུའི་གསར་གཏོད་ལེགས་སུ་བཏང་ཐོག དངུལ་རྩའི་ཞབས་ཞུས་ཤང་གྲོང་དར་རྒྱས་ཡོང་བའི་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

གྲོས་ཚོགས་ཐོག་གྲོང་གསེབ་ཀྱི་དོན་དག་ཡག་པོ་བསྒྲུབ་རྒྱུ་དང་། ཤང་གྲོང་དར་རྒྱས་མངོན་འགྱུར་ཡོང་བ་བྱེད་རྒྱུའི་འགག་རྩ་དེ་ནི་ཏང་ཡིན་པ་དང་། ངེས་པར་དུ་ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཟོ་ལས་དང་ཞིང་ལས་མཉམ་དུ་བཟུང་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་བཟུང་བ་རྒྱུན་འཁྱོངས་བྱེད་རྒྱུ། ཞིང་ལས་གྲོང་གསེབ་སྔོན་ཐོབ་གོང་འཕེལ་གཏོང་རྒྱུའི་བླང་བྱ་དོན་ཐོན་ཏུ་འཁྱོལ་བ་བྱས་ཐོག ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཐད་ལ་སྔོན་ལ་བསམ་བློ་གཏོང་དགོས་པ་དང་། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་ཐད་སྔོན་ལ་དགོས་མཁོ་སྐོང་དགོས་པ། སྤྱི་པའི་རྒྱུ་ནོར་མ་འཇོག་བྱེད་པའི་ཐད་སྔོན་ལ་འགན་སྲུང་བྱེད་དགོས་པ། སྤྱི་པའི་ཞབས་ཞུའི་ཐད་སྔོན་ལ་བཀོད་སྒྲིག་བྱེད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་སྲིད་གཞུང་ནས་འགན་འཁུར་བ། ཏང་ཨུད་ནས་གྲོང་གསེབ་ལས་དོན་སྡེ་ཁག་ལ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པ་བཅས་ཀྱི་གྲོང་སེབ་ལས་དོན་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཤང་གྲོང་དར་རྒྱས་འཐབ་ཇུས་ཀྱི་འགོ་ཁྲིད་འགན་དཀྲིའི་ལམ་ལུགས་འཛུགས་རྒྱུ་དང་ཀྲུང་དབྱང་གིས་གཅིག་རྒྱུར་འཆར་འགོད་བྱེད་པ་དང་ཞིང་ཆེན་ནས་སྤྱི་ཡོངས་ལ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་པའི་ལས་དོན་སྒྲིག་གཞི་ལག་ལེན་བསྟར་དགོས། ཏང་སྲིད་གཙོ་འགན་འཁུར་མཁན་ནི་འགན་དཀྲིའི་མི་སྣ་དང་པོ་ཡིན་པ་དང་རིམ་པ་ལྔ་པའི་ཧྲུའུ་ཅིས་ཤང་གྲོང་དར་རྒྱས་ཡོང་བར་དམ་འཛིན་བྱེད་དགོས། ཞིང་གསུམ་ལས་དོན་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་བཀོད་སྒྲིག དོ་དམ། བཀོལ་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཤེས་ལྡན་མི་སྣ་གྲོང་གསེབ་གཞི་རིམ་ཀྱི་འཐབ་ས་དང་པོར་འགྲོ་བསྐྱོད་ཀྱིས་མི་སྣ་བཀོལ་སྤྱོད་མི་སྣར་ཀྱི་ཕྱོགས་སྟོན་གྲུབ་པ་བྱེད་དགོས། ཤང་གྲོང་དར་རྒྱས་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་ཁབ་ཀྱི་ཤང་གྲོང་དར་རྒྱས་འཐབ་ཇུས་འཆར་འགོད་གཏན་འབེབས། གལ་ཆེའི་ལས་གྲྭ་དང་གལ་ཆེའི་འཆར་འགོད། གལ་ཆེའི་བྱ་སྤྱོད་བཅས་འགའ་ཤས་ཤིག་བཀོད་སྒྲིག་བྱེད་དགོས། ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལོ་རྒྱུས་རང་བཞིན་ཀྱི་ལས་འགན་ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་རྒྱུ་དང་། སྤུས་ཚད་གཙོར་བཟུང་དང་འཛུགས་སྐྱོང་དལ་ལྷོད་ཀྱིས་མྱུར་ཚད་ལ་ཕྱོགས་ལྷུང་བྱེད་མི་ཉན་ལ་དེ་བས་གང་བསམ་གང་དྲན་གྱི་བྱ་སྤྱོད་སྤེལ་མི་ཉན་ཞེས་བཤད་ཡོད་པ་རེད། གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་དང་། དཀའ་ངལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་གསར་གཏོད་ཡར་བརྩོན་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རིང་ལུགས་ལ་རླབས་ཆེའི་རྒྱལ་ཁ་འཐོབ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབུལ་སྐུལ་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བསམ་འཆར་གྱི་གྲོས་བསྡུར་ཡིག་ཆར་གྲོས་བསྡུར་བྱས་ཡོད་པ་རེད།

གྲོས་ཚོགས་མ་ཚོགས་གོང་ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཡོངས་ཞིང་ལས་ལས་དོན་གྲོས་ཚོགས་ལ་ཟུར་ཞུགས་བྱེད་རྒྱུར་གདན་འདྲེན་ཞུས་པའི་རྒྱལ་ཡོངས་ཀྱི་ཞིང་ལས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་མི་སྣའི་འཐུས་མི་༨༠ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་ཞུགས་སྐུ་པར་སྐྱོན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།