༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་ཨུ་ཀྲེན་དུ་འགོ་ཚུགས་པ།

来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ2017-12-05 10:37:16 查看数0

ཚེས་༣ཉིན་གྱི་སྔ་དྲོ་སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་ཨུ་ཀྲེན་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ཁོང་རང་ཉིད་ཀྱི་མཚན་ཐོག་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་གི་འཐུས་མི་དང་། རྒྱལ་སྤྱིའི་སྒྲིག་གཞིའི་འགན་ཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་སོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་ནས་ཚང་མས་བློ་བསྡུས་དགེ་འཚོལ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་བཏང་སྟེ་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་སྐྲུན་རེ་ཡོད་ཅེས་འཁོད་ཡོད་པ་རེད།

ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མིག་སྔར་ཆ་འཕྲིན་ལག་རྩལ་མཚོན་བྱེད་དུ་བྱེད་པའི་རེས་སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་གསར་བརྗེ་ཐོན་འགོ་ཚུགས་བཞིན་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་ཆབས་ཅིག་དྲ་སྦྲེལ་འཕེལ་རྒྱས་ཀྱིས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ཀྱི་ཐད་འགྲན་སློང་གསར་པ་མང་པོ་ཞིག་ཀྱང་འཕྲད་ཡོད། གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་མ་ལག་སྒྱུར་བཅོས་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་ཉིན་བཞིན་གྱུར་ཡོད། ང་ཚོས“རྩ་དོན་བཞི”དང“དགོངས་ཚུལ་ལྔ”དར་སྤེལ་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱས་ནས་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚང་མའི་དོན་ཆེན་ཚང་མས་མཉམ་དུ་གྲོས་མོལ་བྱས་ནས་སྒྲུབ་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། བདེ་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་པ། བཅོས་སྐྱོང་ནང་མཉམ་དུ་ཞུགས་པ། གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་བྱེད་ཐུབ་པའི་རེ་བ་ཡོད་པས་ཡིན་ཞེས་འཁོད་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་སྤྱོད་རྩ་འཛིན་དང་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་ཡོད་པ་དང་། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་། གྲངས་འཛིན་ཀྲུང་གོ རིག་ལྡན་སྤྱི་ཚོགས་བཅས་བསྐྲུན་ནས་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་ལ་བརྟེན་པའི་རིག་ནུས་དང་དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་དང་སྒུལ་ནུས་གསར་པ་ཆགས་པ་བྱེད་དགོས་པ་བཏོན་ཡོད། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དེ་མྱུར་བགྲོད་ལམ་བུའི་ཐོག་སླེབས་ཡོད། ཀྲུང་གོས་རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་འཁོར་ནང་སྡོད་རྒྱུའི་སྐུལ་འདེད་གཏོང་རེ་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་ཆེ་རུ་གཏོང་བ་ལས་རྒྱག་མི་སྲིད་ཅེས་ནན་བཤད་གནང་བ་རེད།

ཝང་ཧུའུ་ཉིང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་ལས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་གསལ་རྟོགས་གཏིང་ཟབ་གནང་བ་དང་། དྲ་རྒྱའི་བར་མཐོངས་འཕེལ་རྒྱས་བཅོས་སྐྱོང་གི་ཆོས་ཉིད་ལ་སྟངས་འཛིན་ཡང་དག་གནང་བ། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལྷག་བསམ་རྣམ་དག་གི་འདུན་པ་གང་ལེགས་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་དེ་བཞིན་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་མཉམ་ལས་གཏིང་ཟབ་བྱེད་པ་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱས་བཤད་གཏིང་ཟབ་གནང་ནས་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་གཏོང་རྒྱུའི་ཐད་བླང་བྱ་གསར་པ་བཏོན་གནང་བ་མ་ཟད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་དྲ་རྒྱའི་མཉམ་ལས་བྱ་རྒྱུར་གོ་སྐབས་གསར་པ་མཁོ་འདོན་གནང་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་དྲ་སྦྲེལ་འཕེལ་རྒྱས་ལས་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དང་བསྟུན་ནས་གྲངས་འཛིན་དཔལ་འབྱོར་སྒུལ་ཤུགས་གཙོ་བོར་བརྩིས་ཏེ་དྲ་རྒྱའི་བར་མཐོངས་སྒོ་དབྱེ་དང་། མཉམ་ལས། སྤེལ་རེས། མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད། གསར་གཏོད་དང་གསར་སྐྲུན་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་དང་། སྒོ་དབྱེ་མཉམ་ལས་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། བསྟུན་མཁས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གཉིས་ཕན་གྱི་རྨང་གཞི་བརྟན་དུ་གཏོང་བ། མཉམ་ལས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཟུང་འཇུག་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། བདེ་འཇགས་ཚོད་འཛིན་ཐུབ་རུང་ལ་སྐུལ་འདེད་བཏང་ནས་སྒྲིག་ལམ་བཟང་པོ་གཏོད་པ་བཅས་བྱས་ནས་བདེ་འཇགས་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས་ཞེས་གསུངས་པ་རེད།

ཧོང་ཁུན་མིང་གིས་འགོ་འཛུགས་མཛད་སྒོའི་ཐོག་ཞི་ཅིང་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།

ཐེ་ལན་གྱི་ཙུང་ལི་གཞོན་པ་པ་ཅིན•ཀྲན་ཏུང་དང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨེན་ཧེ་ཐུའུ་པུའུ་ཤིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིན། ཀུ་ཤུའི་དབུ་བཞུགས་ལག་བསྟར་དཔོན་ཏི་མུའུ•ཁུའུ་ཁེ། སི་ཁོའི་དབུ་བཞུགས་ལག་བསྟར་དཔོན་ལུའོ་ཀྲུའོ་ཁེ། དྲ་སྦྲེལ་སྲོལ་གཏོད་མཁན་ལུའོ་པོ་ཐེ•ཁ་ཨན། ཨ་ལི་པ་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་མཱ་ཡུན་སོགས་ཀྱིས་འགོ་འཛུགས་མཛད་སྒོའི་ཐོག་ཁག་སོ་སོར་ཤིས་ཚིག་གསུངས་པ་རེད།

དེ་ཉིན་ཝང་ཧུའུ་ཉིང་གིས་ད་དུང་ཚོགས་ཆེན་ནང་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མིར་མཇལ་འཕྲད་གནང་བ་དང་དྲ་སྦྲེལ་གྱི་འོད་སྣང་གི་དངོས་མང་སྟོན་ཚོགས་ལ་གཟིགས་པ་རེད།

སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཟླ་༡༢ཚེས་༣ཉིན་ནས་ཚེས་5ཉིན་བར་འཚོགས་པ་དང་དེའི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྒོ་དབྱེ་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ—ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་དེ་ཡིན་ཞིང་། གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ་80ལྷག་ཙམ་གྱི་སྲིད་གཞུང་གི་སྐུ་ཚབ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། དྲ་སྦྲེལ་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ། དྲ་སྦྲེལ་གྱི་གྲགས་ཅན་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སྐུ་མགྲོན་1500ལྷག་ཙམ་ཚོགས་ཆེན་ནང་ཞུགས་པ་རེད།