༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་བ།

来源:2019-07-29 10:26:04 查看数0

646240_yis_1564202999450_s.jpg

ཟླ་༧ཚེས་༢༦ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ།

ཚེས་༢༦ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་ནས། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་རང་རྒྱལ་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་གནང་སྐབས་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་༡༡པར། ཞི་ཅིན་ཕིང་སོགས་ཅིང་ཤིས་གསོལ་མགྲོན་ཁང་གི་གྲོས་ཚོགས་ཁང་ཆེན་གྱི་ཚོམས་ཆེན་མདུན་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་ཤུགས་ཆེན་གྲགས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། འཐུས་མི་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་པ་རེད། ལོ་༩༤ཡིན་པའི་དཔའ་བོ་རྒན་གྲས་ཀྲང་ཕུའུ་ཆིང་ལ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒུར་ཙམ་གནང་སྟེ་བགྲེས་སོང་གི་ཕྱག་གཉིས་དམ་པོར་བཟུང་ནས། ཁོང་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྒྲོན་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་མཇལ་འཕྲད་གནང་སྐབས་ཞུགས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། སྒྱུར་བཅོས་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། སྲིད་ཇུས་དང་ཁྲིམས་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་རྨང་གཞི་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་བཀོད་སྒྲིག་དང་། གཟིགས་སྐྱོང་བསྔགས་བརྗོད། ཁེ་དབང་སྲུང་སྐྱོང་། ཞབས་ཞུ་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་ཁོང་ཚོར་སྒྱུར་བཅོས་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་ལེགས་སྐྱེས་ཆེན་པོ་འབུལ་རྒྱུའི་སྐུལ་ལྕག་ཀྱང་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དཔེ་བཟང་གི་དམག་ཞབས་ཐིམ་པའི་དམག་མི་༤༠༡དང་། རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་ཚན་པ་༩༡རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་མི་སྒེར་༧༦བཅས་ལ་གཟེངས་བསྟོད་བྱས་པ་རེད།