༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་ཕྱོགས་ཁག་ནས་གདེང་འཇོག་ཆེན་པོ་བྱས་པ།

来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་ད2018-07-12 12:49:29 查看数0

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གལ་ཆེའི་གསུང་བཤད་གནང་བར། ཕྱོགས་ཁག་ནས་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད།

ཞི་ཅིན་ཕིང་གི་གསུང་བཤད་ནང་། ཀྲུང་གོའི་དུས་རབས་གསར་པའི་ཕྱི་འབྲེལ་གྱིས་འཛུགས་སྐྱོང་གཉིས་ཀྱི་འདུ་ཤེས་དང་དབུས་ཤར་གྱི་དངོས་ཡོད་གནས་ཚུལ་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོའི་དབུས་ཤར་སྲིད་ཇུས་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་རྒྱས་བཤད་གནང་བ་དང་། ཀྲུང་ཨ་མཉམ་ལས་ཀྱི་བྱ་ཐབས་གསར་པ་བཏོན་གནང་ཡོད།

ཨར་ཅི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མེ་ས་ལེ་ཧེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཀྲུང་གོ་དང་ཨ་རབ་མཉམ་ལས་དེ་འཐབ་ཇུས་གནས་བབ་མཐོ་པོའི་ཐོག་བཞག་ཡོད། ཨ་རབ་འཛམ་གླིང་འདི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་བརྒྱུད་བཞིན་ཡོད་པས། དེ་ནི་ང་ཚོའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ད་དུང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་། རིག་གནས་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་མང་པོ་བཏོན་གནང་ཡོད་པས། ང་ཚོས་ཀྲུང་ཨ་མཉམ་ལས་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་མཚོན་དུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

མིག་སྔར། དབུས་ཤར་ལ་ཞི་བདེའི་གོད་ཆག་སེལ་རྒྱུ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བའི་ཁ་ཚ་དགོས་གཏུག་གི་ལས་འགན་འཕྲད་ཡོད། ཀྲུའུ་ཞི་ཅིན་ཕིང་གི་གསུང་བཤད་ནང་། ང་ཚོས་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། དབུས་ཤར་གྱི་དོན་དག་མང་པོ་ཞིག་སྣེ་མང་རྙོག་འཛིང་ཆེ་བ་ཡིན་པས། ཕྱོགས་གཅིག་ཁོ་ནས་བཤད་པར་ཆ་འཇོག་བྱེད་རྒྱུ་མེད་པར། ཚང་མས་གྲོས་བསྡུར་བྱས་ནས་བསྒྲུབ་དགོས་ཞེས་གསུངས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་ཨ་ཤེ་ཡ་ནུབ་མའི་ཞིབ་འཇུག་སུའོ་ཡི་འགོ་འཛིན་ཡང་ཀོང་གིས། ངས་བལྟས་ནས་བཀའ་མོལ་དེ་ཧ་ཅང་གོ་བདེ་པོ་ཞིག་རེད། འོན་ཀྱང་དོན་དངོས་ཐོག་བཀའ་མོལ་དེ་ནི་ཧ་ཅང་གནད་ལ་འཁེལ་པོས་གསུང་པ་ཞིག་རེད། དབུས་ཤར་གྱི་གནད་དོན་ནི་སྣེ་མང་རྙོག་འཛིང་ཆེ་བའི་ས་ཁོངས་འབྲེལ་ཁུལ་གྱི་ཆབ་སྲིད་འབྲེལ་བ་དེ་ལྟ་བུ་ཞིག་ཡིན་པས། རྒྱལ་ཁབ་གང་རུང་ཞིག་གིས་རང་ཉིད་ཀྱི་ཐག་གཅོད་བྱེད་ཐབས་ཇུས་གཞི་དབུས་ཤར་ས་ཁུལ་ཡོངས་ལ་བཙན་གཡོགས་བྱེད་བསམ་པ་ནི་དངོས་གནས་ཡོང་ཐབས་མེད་པ་ཞིག་རེད། དེར་བརྟེན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ནང་དགོངས་ཚུལ་བཏོན་པ་བཞིན། ཐག་གཅོད་བྱེད་ཐབས་ཀྱི་ཇུས་གཞིར་ཁོང་ཡངས་རང་བཞིན་ཡོད་དགོས་པ་དང་། གནོན་འགོག་རང་བཞིན་གྱི་ཐག་གཅོད་བྱེད་ཐབས་ལ་ངོ་རྒོལ་བྱ་རྒྱུའི་ནན་སྟོན་བྱས་ཚེ། ཕྱིན་ཆད་ཀྲུང་གོས་དབུས་ཤར་ས་ཁུལ་གྱི་གདོང་གཏུག་ཐག་གཅོད་བྱེད་པའི་ཐད་ནུས་པ་འདོན་སྤེལ་བྱ་རྒྱུར་ཚད་མཐོའི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད་ཅེས་གསུངས་འདུག

ཁོ་ཝེ་ཐེའི་དབུ་བཞུགས་བློན་ཆེན་དང་པོ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ས་པ་ཧེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཨ་རབ་ས་ཁུལ་གྱི་རྙོག་འཛིང་ལྡན་པའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་བཏོན་གནང་ཡོད་པ་དང་། ཀྲུང་གོའི་ཕྱོགས་ནས་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད། གྲོས་གཞི་དེ་དག་ཚང་མས་ཨ་རབ་རྒྱལ་ཁབ་མི་དམངས་ལ་འཕྲད་པའི་དཀའ་སྡུག་ཆུང་དུ་བཏང་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཀྲུང་ཨ་ཕྱོགས་གཉིས་པོས་མཛའ་གྲོགས་གྲོས་མོལ་བྱེད་པ་བརྒྱུད། ང་ཚོས་ཁྱོན་ཡོངས་མཉམ་ལས་དང་། ཐུན་མོང་གོང་འཕེལ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་ཀྲུང་ཨ་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་ཡོད། དེ་ནི་ཀྲུང་ཨ་མཛའ་གྲོགས་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་ཞེས་གསུངས་ཡོད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀེ་ཐེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་ནི་དགེ་མཚན་ཆེན་པོ་ལྡན་པའི་གྲོས་གཞི་ཞིག་ཡིན། དེས་གྲུ་ཁ་དང་ལྕགས་ལམ་མཁའ་འགྲུལ་མ་འཇོག་ཉོ་ཚོང་སོགས་ཕྱོགས་གང་ཅིའི་ཐད་ནས་ནུས་པ་འདོན་ཐུབ་ཀྱི་ཡོད། དེ་དག་ཚང་མ་ནི་ཏག་ཏག་ཨ་རབ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དོ་ཁུར་བྱེད་པ་ཤ་སྟག་ཡིན། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་ཀྱི་གཞོན་ནུ་དང་ཚན་རིག་མཁས་པར་ཀྲུང་གོར་གསོ་སྦྱོང་བྱེད་པའི་གོ་སྐབས་སྟོང་ཕྲག་ལྷག་སྤྲོད་རྒྱུ་ཡིན་ཞེས་གསུངས་ཤིང་། དེས་ཁོང་ཚོའི་མངོན་མེད་ཀྱི་སྟོབས་ཤུགས་སྔོག་འདོན་བྱ་ཐུབ་པ་དང་། ཕྱོགས་གཉིས་པོའི་འབྱུང་འགྱུར་མཉམ་ལས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག

ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང་གི་འགོ་འཛིན་གཞོན་པ་ཏུང་མན་ཡོན་གྱིས། ཐེངས་འདིའི་གསུང་བཤད་ཀྱིས། ས་ཁུལ་གྱི་ཞི་བདེ་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཆེད་དུ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་བ་དང་། ཀྲུང་གོའི་འདོད་ཚུལ་བཏོན་གནང་ཡོད། གལ་སྲིད་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཕྱོགས་གཉིས་པོས་ཁ་ཕྱོགས་དེ་ལ་དམིགས་ནས་འབད་འཐབ་བྱས་ཚེ། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་བ་དང་། ཀྲུང་གོ་དང་ཨ་རབ་བར་ཁེ་ཕན་གཅིག་མཐུན་མ་ལག་འཛུགས་རྒྱུ་དང་། དེ་ནས་མཐར་ཐུག་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་འོད་སྣང་ལྡན་པའི་མདུན་ལྗོངས་ལྡན་ཡོད་ཅེས་གསུངས་འདུག