༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཝུའུ་ཧན་དུ་གཟབ་རྒྱས་ངང་འགོ་ཚུགས་པ། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ།

来源:2019-10-21 10:48:57 查看数0

671671_yis_1571546852010.jpg

འདི་ནི་ཟླ་༡༠ཚེས་༡༨ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཝུའུ་ཧན་དུ་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

ཚེས་༡༨ཉིན་གྱི་དགོང་མོར། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ནི་རང་རྒྱལ་གྱིས་ཐེངས་དང་པོར་གཉེར་འགན་ཁུར་བའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། པེ་ཅིང་ཨོ་རྩལ་འགྲན་ཚོགས་གཉེར་རྗེས་རང་རྒྱལ་གྱིས་གཉེར་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། རྒྱལ་ཁབ་༡༠༩ཡི་དམག་མིའི་ལུས་རྩལ་བ་༩༣༠༠ལྷག་ཙམ་གྱིས་གཙང་ཆུའི་གྲོང་ཁྱེར་ཝུའུ་ཧན་དུ་འགྲན་ར་གཅིག་ཏུ་རྩལ་འགྲན་བྱ་རྒྱུ་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་རེད།

ཚེས་༡༨ཉིན་གྱི་དགོང་མོར། ལྟད་མོ་བ་ཁྲི་༦ཙམ་ཤོང་བའི་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་གཙོ་བོ་མི་ཚོགས་ཀྱིས་ཁེངས་པ་དང་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།

དགོང་མོའི་ཆུ་ཚོད་༢༠ཏག་ཏག་ལ། གུས་དམག་གི་དུང་བརྡ་གྲགས་པ་དང་བསྟུན། ཞི་ཅིན་ཕིང་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕི་ཆི་ལི་ལོ་སོགས་ལྷན་དུ་ལུས་རྩལ་ཐང་དུ་ཕེབས་པས། ལུས་རྩལ་ཐང་ཡོངས་སུ་སྤྲོ་སེམས་འཁོལ་པོས་དགའ་བསུའི་སྒྲས་ཁེངས་པ་དང་། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།

རོལ་དབྱངས《དར་དམར་ལྷབ་ལྷུབ་གཡོ》ཡི་སྒྲའི་ཁྲོད་སྐར་ལྔའི་དར་དམར་གྱི་རྒྱན་རིན་ཧ་ཅང་ཆེ་མོ་ཞིག་ལུས་རྩལ་ཐང་དུ་མངོན་པ་དང་དེ་མ་ཐག་དེ“ཀྲུང་གོ”ཞེས་པའི་ཡི་གེར་བསྒྱུར་བ་རེད། གློག་འོད་དང་རོལ་མོའི་འགྱུར་ལྡོག་དང་བསྟུན་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་ཚོགས་རྟགས“ཞི་བདེའི་མཛའ་གྲོགས་འབྲེལ་ཟམ”ཞེས་པ་བསྟན་པ་དང་ཞི་བདེའི་ཕུག་རོན་གྱི་རི་མོ་ལུས་རྩལ་ཐང་གི་དབུས་སུ་མངོན་པ་རེད།

འགྲན་ཞུགས་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པ་ཧྥ་རན་སེའི་སྐད་ཡིག་གི་གསལ་བྱེད་ཡི་གེའི་གོ་རིམ་ལྟར་ལུས་རྩལ་ཐང་དུ་འཛུལ་བ་རེད། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་༥༥༣ཡོད་པ་དང་། སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་ལུས་རྩལ་བ་མང་ཤོས་ཀྱི་འཐུས་མི་ཚོགས་པ་ཞིག་རེད།

《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སྐད་གསང་མཐོ་བའི་གླུ་སྒྲ་དང་བསྟུན་ནས་གཟབ་སྦྲེང་དམག་མི་༡༦གིས་གོམ་སྟབས་བརྟན་པོར་སྤོ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་སྲུང་སྐྱེལ་བྱས་ནས་ལུས་རྩལ་ཐང་དུ་འཛུལ་བ་རེད། ཀྲུའུ་ཞིའི་སྡིངས་ཆ་བརྒྱུད་སྐབས་གཟབ་སྦྲེང་དམག་གིས་དར་ཆ་མཐོན་པོ་བསྒྲེངས་ནས་གོམ་སྟབས་སྒྲིག་པོས་མདུན་དུ་བསྐྱོད་པ་རེད། རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་རེད།

དེ་རྗེས། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གླུ་དཀྲོལ་བ་དང་བསྟུན། རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་བསྒྲེངས་པ་རེད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞུས་ཆི་ལེང་གིས་ཤིས་ཚིག་གསུངས་ཤིང་། ཁོང་གིས་སྒྲིག་འཛུགས་ཨུ་ལྷན་གྱི་ཚབ་ཞུས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ལུས་རྩལ་བ་དང་། རྩལ་ཁྲིད་པ། སྐུ་མགྲོན་བཅས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕེ་ཆི་ལི་ལོས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་དམག་དཔུང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལུས་རྩལ་བ་རྣམས་ལ་གྲུབ་འབྲས་ཡག་པོ་ཐོབ་པའི་སྨོན་འདུན་ཞུས་པ་རེད།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོས་བརྙན་ལམ་བརྒྱུད་ཤིས་ཚིག་སྒྲོན་སྐབས། སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་དང་ཏག་ཏག་འཁེལ་བས། གོ་སྐབས་འདིར་བསྟུན་ཏེ་ཀྲུང་གོའི་མི་དམངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན་ལ། ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུ་གི་ཡིན་ཞེས་གསུངས།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་གྱི་མདུན་དུ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་པ་ཡོན་ཤིན་གཡོད་དང་། རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་ཤན་འབྱེད་པ་ཝུན་ཁེ་མིང་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བ་དང་ཤན་འབྱེད་པའི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད།

ཆུ་ཚོད་༢༡ཙམ་ལ་ཞི་ཅིན་ཕིང་གིས“འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་འགོ་ཚུགས་པའི”ཁྱབ་བསྒྲགས་གནང་བ་དང་བསྟུན་ལུས་རྩལ་ཐང་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་ཁེངས་པ་རེད།

དེ་རྗེས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན《ཞི་བདེའི་མེ་ལྕེ》འཁྲབ་འགོ་ཚུགས་པ་རེད།

ཆུ་ཚོད་༢༢ཙམ་ལ་ལུས་རྩལ་ཐང་དུ་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོ་སྤར་བའི་མཛད་སྒོ་འགོ་ཚུགས་པ་རེད།

རྒྱལ་ཁབ་༤༢ཀྱི་འགོག་སྲུང་ལས་དོན་སྡེ་ཚན་དང་དམག་དཔུང་གི་འགོ་ཁྲིད་མི་སྣ་གདན་ཞུ་ལྟར་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།