པཎ་ཆེན་རིན་པོ་ཆེས་ཏང་ཀྲུང་དབྱང་ལ་ཞལ་ཐང་ཕུལ་བ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཏང་ཀྲུང་དབྱང་ལ་ཞལ་ཐང་ཕུལ་བའི་མཛད་སྒོ་སྤྱི་ཚེས་༡༥ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རིན་ཏིང་ཤའོ་ཞང་གིས་ཞལ་ཐང་བཞེས་གནང་བ་རེད།
རྒྱལ་ཡོངས་ཁྱོན་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཏང་ཀྲུང་དབྱང་ལ་ཞལ་ཐང་ཕུལ་བ་དེས། ཀྲུང་གོ་གུང་ཁྲན་ཏང་ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། མི་དམངས་ཀྱི་གཙོ་འཛིན་ལ་སེམས་ཀྱི་གཏིང་ནས་དགའ་གུས་བྱེད་པ། རླབས་ཆེའི་མེས་རྒྱལ་ལ་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་པར་བྱས་ཡོད།
ཏིང་ཤའོ་ཞང་གིས་པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་སློབ་ལ་ཡིད་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱས་ཐོག མུ་མཐུད་ནས་པཎ་ཆེན་སྐུ་ཕྲེང་གོང་མ་རྣམས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་བྱས་ནས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་བར་འཚམ་མཐུན་དེ་བས་ལེགས་པོ་ཡོང་རྒྱུར་ཁྲིད་སྟོན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ཐོག མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། བོད་ལྗོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡུའུ་ཆོན་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།