༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཝང་དབྱང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

来源:མི་དམངས་དྲ་བའི་འཕྲིན།2019-08-25 10:48:51 查看数0

ཝང་དབྱང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བག་དཀར་ཤང་གཞུང་པ་གྲོང་ཚོའི་མང་ཚོགས་ལ་འཚམས་འདྲི་གནང་བ།

ཝང་དབྱང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བག་དཀར་ཤང་གཞུང་པ་གྲོང་ཚོའི་མང་ཚོགས་ལ་འཚམས་འདྲི་གནང་བ།

 ཟླ་༨ཚེས་༢༣ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་བོད་ལྗོངས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས། མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་ནི་རྒྱལ་ཕམ་ཐག་གཅོད་ཀྱི་གནད་འགག་དུས་རིམ་ལ་སླེབས་ཟིན་པས། ཆེས་གལ་ཆེ་བ་ནི་ལས་དོན་ཐད་ལྷོད་གཡེང་ཤོར་བ་སྔོན་འགོག་དང་། བསམ་བློ་ཉམས་པ་སྔོན་འགོག་བྱ་རྒྱུ་དེ་རེད། ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཐད་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་ཀྱི་བཞུགས་མོལ་ཐོག་གི་གསུངས་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་བླངས་ནས། མུ་མཐུད་དུ་འཐབ་པ་དང་། ཇི་ཙམ་འཐབ་ན་དེ་ཙམ་སྤོབས་པ་ཆེ་བའི་རྣམ་འགྱུར་གོང་འཕེལ་གཏོང་དགོས་པ། བསམ་བློའི་ངོས་འཛིན་གཅིག་འགྱུར་དང་ལས་དོན་དོན་འཁྱོལ་ནན་མོ་བྱེད་པ། སྤུས་ཚད་མཐོ་བའི་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་འགན་སྲུང་དགོས་ཤིང་། བོད་ལྗོངས་མི་རིགས་སོ་སོའི་མང་ཚོགས་དང་རྒྱལ་ཡོངས་མི་དམངས་མཉམ་གཅིག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་།
     ཚེས་༡༩ཉིན་ནས་ཚེས་༢༡ཉིན་བར། ཝང་དབྱང་སྔ་རྗེས་སུ་ལྷོ་ཁ་དང་ལྷ་ས། མངའ་རིས་བཅས་སུ་ཕེབས་ཤིང་། གཏིང་ཟབ་པའི་ངང་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་ས་གནས་དང་། དབུལ་སྐྱོར་ཐོན་ལས་ཁུལ། དབུལ་ཕོངས་དུད་ཚང་། གྲོང་ཚོའི་ཨུ་ཡོན་ལྷན་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། ད་དུང་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་ཇེ་མཐོར་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་ལྟ་ཚུལ་ལ་གསན། ཝང་དབྱང་གིས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སོགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གནང་ཞིང་། ཁོང་གིས། དབུལ་སྒྲོལ་ནི་གྲངས་འབོར་ལ་བལྟ་དགོས་ལ། དེ་བས་ཀྱང་སྤུས་ཚད་ལ་བལྟ་དགོས། དབུལ་སྒྲོལ་སྤུས་ཚད་ཀྱི་ཚད་གཞི་གལ་ཆེན་ཞིབ་བཤེར་བྱ་དགོས་པ་སྟེ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་ཐུབ་མིན་ལ་བལྟ་དགོས། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་སྒོས། དབུལ་སྒྲོལ་ལས་དོན་ཐད་མཆིས་པའི་གནད་དོན་ནན་ཏན་གྱིས་ཞིབ་བཤེར་དགོས་པ། ཁྱོན་ཡོངས་སྒྱུར་བཅོས་དོན་འཁྱོལ་ཏན་ཏན་ཏིག་ཏིག་ངང་བཟུང་ནས། ཤེས་རྟོགས་གསལ་བོ་བྱུང་མེད་པ་དང་འགན་འཁྲི་དོན་འཁྱོལ་བྱུང་མེད་པ་ལས་དབུལ་སྒྲོལ་སྤུས་ཚད་མི་མཐོ་ཞིང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་མེད་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་དགོས་པ། དབུལ་སྒྲོལ་བྱས་ཟིན་པ་དང་དབུལ་སྒྲོལ་བྱ་རྒྱུ་ཡིན་པའི་ས་ཆ་རུ། སྟོབས་ཤུགས་གཙོ་བོ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱིར་དབུལ་ཕོངས་ལ་འགྱུར་བར་སྔོན་འགོག་བྱ་རྒྱུའི་ཐད་བཞག་ནས། ཕྱིར་དབུལ་ཕོངས་ལ་འགྱུར་བར་སྔོན་འགོག་ཐད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་སྒྲིལ་སྲོལ་འཚོལ་ཞིབ། དབུལ་ཕོངས་མི་འབོར་དང་། དབུལ་སྒྲོལ་མི་འབོར། མཐའ་མཚམས་མི་འབོར་ལ་དུས་གཏན་གྱི་ཞིབ་བཤེར་བྱ་རྒྱུ་དང་། འགུལ་རྣམ་དོ་དམ། དུས་ཐོག་ལ་ཕྱིར་དབུལ་ཕོངས་སུ་གྱུར་བའི་མི་འབོར་དང་གསར་དུ་བྱུང་བའི་དབུལ་ཕོངས་མི་འབོར་དབུལ་སྐྱོར་ནང་འཇུག་དགོས་པ། གནས་སྤོ་དབུལ་སྐྱོར་གྱི་ལས་དོན་གྱི་རྗེས་ཕྱོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དོ་སྣང་བྱེད་དགོས་པ། གནས་སྤོ་དབུལ་སྐྱོར་དང་མཐུན་སྦྱོར་ཞབས་ཞུ་དུས་མཉམ་དུ་བསྐྱོད་པ་རྒྱུན་འཁྱོངས་དགོས་པ། དབུལ་ཕོངས་མང་ཚོགས་སྤོ་ཐུབ་ཅིང་། སྡོད་ཐུབ་པ། ལས་ཀ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་མུ་མཐུད་ཇེ་མཐོར་གཏོང་དགོས། མིག་སྔའི་སྟོབས་ཤུགས་འདང་ངེས་བྱེད་པ་དང་། ཕུགས་འདུན་རིང་པོ་འཆང་བ། ནས་དང་ནོར་གནག ཡུལ་སྐོར། དྭངས་གཙང་གི་ནུས་ཁུངས། མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ལེགས་ཆ་གསོ་སྐྱོང་འཕེལ་རྒྱས་གཏོང་བ་དང་། ཤུགས་ཆེན་པོས་གྲོག་རོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་ཞིང་།  མང་ཚོགས་དབུལ་སྒྲོལ་བརྟན་བརླིང་དང་རིམ་འགྱུར་ཕྱུག་པོར་འགྱུར་བའི་རྩ་བ་སྲ་བརྟན་གཏོང་དགོས། ཆུ་དྭངས་རི་གཙང་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ནན་ཏན་བྱེད་པ། སྐྱེས་ཁམས་དམངས་ཕན་དང་སྐྱེས་ཁམས་དམངས་དོན་རྒྱུན་འཁྱོངས་བྱས་ནས། གངས་ལྗོངས་མཐོ་སྒང་གི་གནམ་སྔོན་པོ་དང་ཆུ་དྭངས་མོ། དྭངས་གཙང་གི་མཁའ་དབུགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་སྙོམས་སྒྲིག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་དགོས་ཞེས་ནན་བཤད་གནང་།
     ཝང་དབྱང་གིས། བོད་ལྗོངས་ནི་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་ཀྱི་མདུན་ཕྱོགས་ལ་གནས་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་ཆོས་ལུགས་ལས་དོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག ཕན་ཚུན་སྐུལ་འདེད་གཏོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནི་གསོན་ཉམས་ལྡན་པའི་སློབ་དེབ་ཞིག་ཏུ་བྱས་ནས། ཕྱི་རོལ་ཡུལ་གྱི་དོན་དངོས་དང་དཔེ་མཚོན་ཅན་གྱི་དོན་དག་ལ་བརྟེན་ནས་བོད་ལྗོངས་ཀྱི་“དབུལ་སྒྲོལ་གཏམ་རྒྱུད་”བརྗོད་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་གཟིགས་སྐྱོང་དངོས་སུ་ཚོར་བར་བྱེད་ཅིང་། ཏང་གི་གསུང་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་སྲ་བརྟན་གཏོང་དགོས། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་དང་། དགོན་པའི་དོ་དམ་དུས་ཡུན་རིང་པོར་ཕན་ནུས་ལྡན་པའི་སྒྲིག་སྲོལ་འཐུས་ཚང་གཏོང་དགོས། ལྐོག་གནས་ཀྱི་ཉེན་ཁ་འདྲ་མིན་གྲལ་བཤེར་ཟབ་མོ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་སྲ་ཞིང་བརྟན་པོའི་ངང་བཟུང་དགོས། བདེ་ཐང་དཔལ་ཡོན་གྱི་འཚོ་བའི་ཐབས་ཤེས་དར་སྤེལ་བཏང་ནས། མང་ཚོགས་ཀྱིས་དཔྱོད་ཤེས་ཀྱི་སྒོ་ནས་ཆོས་དད་བྱེད་པར་སྣེ་ཁྲིད་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་སྟོབས་ཤུགས་གསོན་པོ་སྐུལ་སློང་བྱས་ནས། ཆོས་ལུགས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས།
     བོད་ལྗོངས་སུ་བཞུགས་པའི་རིང་ལ། ཝང་དབྱང་ནི་ཆེད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བོད་ཀྱི་འགོ་ཁྲིད་ལས་བྱེད་དང་བློ་མཐུན་རྒན་པ་རྣམས་ལ་འཚམས་འདྲི་གནང་བར་ཕེབས་ཤིང་། རྩྭ་མདའ་རྫོང་སྲིད་གྲོས་ལས་ཁུངས་སུ་འཚམས་འདྲིར་ཕེབས་པ་རེད།

ཝང་དབྱང་གིས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་གྱི་མཐོ་གླིང་གྲོང་ལྷན་རྩ་ཧྲེང་ལས་སྒྲུབ་ཚོགས་ཆུང་དུ་གནས་སྤོས་བོད་རིགས་མང་ཚོགས་ལ་འཚམས་འདྲི་གནང་བ།