༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྨྱན་སྦྱོར་དང་ཡུལ་སྐོར་མཉམ་ལས་ཀྱི་འཕེལ་རྒྱས་ཐབས་ལམ་གསར་པ་གཏོད་པ།

来源:2019-08-09 10:54:41 查看数0

སྤྱི་ལོ ༢༠༡༩ ལོའི་ཟླ་བ་བརྒྱད་པའི་ཚེས ༨ ཉིན་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་སར་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་རེད།

བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་བོད་ཀྱི་ཡུལ་སྐོར་མ་འཇོག་ཚོགས་པའི་དབར་ད་ཐེངས་ཀྱི་མཉམ་ལས་གཏིང་ཟབ་བྱེད་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ལྷག་པར་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ།  རང་འགུལ་ངང་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་རླབས་རྒྱུན་ནང་ཞུགས་ནས་སྨྱན་སྦྱོར་དང་ཡུལ་སྐོར་མཉམ་ལས་ཀྱི་འཕེལ་རྒྱས་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་དང་།  བོད་ཀྱི་ཡུལ་སྐོར་མ་འཇོག་ཚོགས་པས་དེང་སྐབས་ལ་གཞིས་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཐོན་ཁུངས་བཀོད་སྒྲིག་དང་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན།  ཕྱོགས་གཉིས་པོས་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱེད་པའི་ཐད་མཉམ་ལས་རྒྱ་ཁྱབ་གཏིང་ཟབ་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་དང་ལེགས་ཆ་བསྡུ་ལེན།  ཁེ་ཕན་མཉམ་སྤྱོད་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་སྨྱན་སྦྱོར་དང་ཡུལ་སྐོར་མཉམ་ལས་བྱེད་པའི་རྣམ་པ་གསར་པ་གཏོད་རྒྱུ་རེད།  འབྱུང་འགྱུར་དུས་སྐབས་ཤིག་རིང་ཕྱོགས་གཉིས་པོས་མི་སྣ་དང་སྒྲིག་ཆས།  ལག་རྩལ།  མ་དངུལ།  ལས་སྟེགས།  ཐོན་ཁུངས་སོགས་ཕྱོགས་གང་ཅིའི་ཐད་ནས་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་བོད་ཀྱི་ཡུལ་སྐོར་དང་རིག་གནས་གཅིག་ཏུ་བསྡུས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་གསར་སྤེལ་དང་གསར་རྩོམ་བྱ་རྒྱུར་ནུས་ཤུགས་འདོན་རྒྱུ་དང་།  རྒྱལ་ནང་གི་སྨྱན་སྦྱོར་གཙོ་ཁག་དང་ཚོང་ལས་དྲ་རྒྱའི་ལས་སྟེགས་གཙོ་ཁག་དབར་དང་མཉམ་ལས་བྱ་རྒྱུར་ཡང་ཤུགས་སྣོན་བརྒྱབ་སྟེ།  བོད་ཀྱི་ཡུལ་སྐོར་རིག་གནས་སྤུས་རྟགས་དྲིལ་བསྒྲགས་བྱེད་པའི་ལས་སྟེགས་བསྐྲུན་རྒྱུ་མ་ཟད།  བོད་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ཟློས་གར་གསར་རྩོམ་ཐོན་སྐྱེད་དང་།  ཡུལ་སྐོར་རིག་གནས་ཐོན་རྫས་གསར་གཏོད་དང་བྲིན་ཚོང་སོགས་ཀྱང་ཐུབ་པ་བྱས་ནས།  ས་ཁོངས་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་བོད་ཀྱི་ཡུལ་སྐོར་རིག་གནས་སྤུས་རྟགས་ཐུན་མོང་ཐོག་གཏོད་པ་དང་།  བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཐུབ་པ་བྱས་ཐོག་སྤྱི་ཚོགས་དང་དཔལ་འབྱོར་ཕྱོགས་གཉིས་ཀྱི་ཕན་འབྲས་ཐོན་ཐུབ་པ་བྱ་རྒྱུ་རེད།
ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་དང་ལྗོངས་ཏང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་།  སྤྱི་ལོ ༢༠༡༨ ལོའི་ཟླ ༡༡ པར་བཙུགས་པའི་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ལ་རླུང་འཕྲིན་འཕྲིན་ལམ ༥ དང་བརྙན་འཕྲིན་འཕྲིན་ལམ ༤  སྨྱན་སྦྱོར་ལས་སྟེགས་གསར་པ ༢ བཅས་ཡོད་པ་དེ་དག་ལྗོངས་ཡོངས་ཀྱི་གླེང་ཕྱོགས་ཀྱི་གཡུལ་ས་གཙོ་གྲས་སུ་གྱུར་ནས་ད་ཆ་མཉམ་འབྲེས་སྨྱན་སྦྱོར་གྱི་རྣམ་པ་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་དང་།  ཁྱབ་སྤེལ་ཀྱི་ནུས་པ་དང་སྣེ་ཁྲིད་ཀྱི་ནུས་པ་ཆེ་ཞིང་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་ཆེས་ཆོག་ཤུགས་ཆེ་བའི་དུས་རབས་གསར་པའི་གསར་འགྱུར་སྨྱན་སྦྱོར་གཙོ་གྲས་ཤིག་ཏུ་སྐྲུན་མགྱོགས་སུ་གཏོང་བཞིན་ཡོད།  རང་ལྗོངས་ཀྱིས་གསར་དུ་བཙུགས་པའི་ཐོན་ལས་ཚོགས་པ་ཀུང་སི ༡༣ གྱི་གྲས་ཤིག་ཡིན་པའི་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་རིང་།  བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་མ་འཇོག་བསྡུ་སྒྲིལ་ལས་སྟེགས་དང་།  བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་རྫས་གསར་གཏོད་ལས་སྟེགས།  བོད་ཀྱི་ཡུལ་སྐོར་རིག་གནས་སྤུས་རྟགས་དྲིལ་བསྒྲགས་ལས་སྟེགས།  བོད་ཀྱི་ཡུལ་སྐོར་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་།  ཚོགས་པ་ཀུང་སི་དང་ཡན་ལག་ཀུང་སི་མང་པོས་ཡུལ་སྐོར་རིག་གནས་དང་།  རིག་གནས་གསར་རྩོམ་དང་གློག་བརྙན་ཁྱབ་སྤེལ།  རྒྱལ་མཚམས་སྒྲོལ་བའི་རིག་གནས་དང་ཡུལ་སྐོར་མཉམ་ལས་སོགས་ཀྱི་ལས་སྒོ་ཆེ་གྲས་བརྒྱད་གཉེར་སྐྱོང་བྱེད་བཞིན་ཡོད།།