༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

来源:ཤིན་ཧྭ་གསར་འགྱུར་ཁང་།2019-01-06 13:14:28 查看数0

583097_yis_1546664152688.jpg

ཟླ་༡ཚེས་༤ཉིན་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་༢༠༡༩ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་ནས་དམག་ཡོངས་ལ་སྦྱོང་བརྡར་འགོ་ཚུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༡ཚེས་༤ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་ལས་དོན་ཚོགས་འདུ་ཚེས་༤ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་བྱེད་ཕྱོགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་འགོ་འཛུགས་ས་གསར་པར་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་རིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་དམག་དོན་ལས་འགན་ལ་དམིགས་ཏེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དུས་གནས་རྟོགས་དཔྱོད་དང་སྤྱི་ཡོངས་གཅིག་འདོམས། དམག་ཡོངས་ཀྱི་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཡར་རྒྱས་ཧུར་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་པས། དམག་དོན་གྱི་ལས་དོན་འཐབ་རྩོད་བྱེད་རིང་ཤུགས་ཆེར་ཕྱིན་པ་དང་། གསར་གཏོད་བྱེད་རིང་འཕེལ་རྒྱས་བྱུང་ནས་མཚོན་བྱེད་རང་བཞིན་དང་། གསར་གཏོད་རང་བཞིན། ལོ་རྒྱུས་རང་བཞིན་བཅས་ཀྱི་གྲུབ་འབྲས་ཆེན་པོ་མང་པོ་ཐོབ་ཡོད། དམག་ཡོངས་ཀྱིས་བློ་རྩ་བརྟན་པོ་དང་། བབ་བསྟུན་གྱི་འཐབ་ཇུས་ཇུས་གཞི། ནུས་ལྡན་གྱི་དམག་དོན་བྱ་སྤྱོད་བཅས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པས་རྙོག་འཛིང་གི་དུས་བབ་དང་ཛ་དྲག་ཆེ་བའི་འཐབ་རྩོད་ཀྱི་ཚོད་བགམ་ཐེག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱ་ཙམ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་གོ་སྐབས་ཀྱི་དུས་མཚམས་གལ་ཆེན་ཐོག་གནས་པ་མ་ཟད། སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱང་མང་དུ་འགྲོ་བཞིན་ཡོད་པས། དམག་ཡོངས་ཀྱིས་རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། དམག་འཐབ་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་གྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་དགོངས་པ་དང་། དུས་རབས་གསར་པའི་དམག་དོན་གྱི་བྱེད་ཕྱོགས་འཐབ་ཇུས། དམག་གྲབས་དམག་འཐབ་ཀྱི་བཀོད་འདོམས། དམག་གྲབས་དམག་འཐབ་ལ་དམ་འཛིན་བྱེད་པའི་འགན་འཁྲི་བཅས་འཛུགས་དགོས། འཐབ་འཛིང་རུ་ཁག་གི་བསམ་བློར་ཤུགས་སྣོན་བརྒྱབ་སྟེ་རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་འཛིང་ནུས་པ་མཐའ་འཁྱོངས་བྱེད་པར་ལས་དོན་དང་འཛུགས་སྐྲུན་ཁག ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་ཚང་མ་དམག་དོན་འཐབ་རྩོད་གྲ་སྒྲིག་ཐོག་གཅིག་སྡུད་བྱེད་པ་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་ཞབས་འདེགས་ཞུས་ཏེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ལ་ཤུགས་སྣོན་ཆེན་པོ་ཞིག་ཐེབས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དམག་འཁྲུག་དང་གཡུལ་འགྱེད་ཀྱི་འཆར་འགོད་གཏིང་ཟབ་ཏུ་བཏང་ནས་གནས་ཚུལ་ཐོན་འཕྲལ་ལམ་སེང་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དགོས་པ་དང་། མཉམ་ལས་གཡུལ་འགྱེད་ཀྱི་བཀོད་འདོམས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བར་སྐུལ་མ་བཏང་ནས་མཉམ་ལས་གཡུལ་འགྱེད་ཀྱི་བཀོད་འདོམས་འཇོན་ཐང་ཆེ་རུ་གཏོང་དགོས་པ། གཡུལ་འགྱེད་ཀྱི་སྟོབས་ཤུགས་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་གསར་དམག་འཐབ་ནུས་པའི་བསྡུར་ཚད་ཆེ་རུ་གཏོང་དགོས་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱས་ནས་དམག་སྦྱོང་དམག་གྲབས་ཀྱི་སྤུས་ཚད་དང་ཆུ་ཚད་གོང་མཐོར་གཏོང་དགོས་པ། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བྱས་ནས་ཉམས་ཞན་རྣམ་གྲངས་མངོན་གསལ་དོད་པོར་ལྷོད་གཡེང་མི་གཏོང་བའི་ཁར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཏེ་ཕན་འབྲས་ཡག་པོ་ཐོན་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་ང་ཚོའི་དཔའ་བོའི་མི་དམངས་ཀྱི་དམག་དཔུང་སྔར་བས་སྟོབས་ཆེན་དང་སྔར་བས་འཐབ་ནུས་ལྡན་པ་ཞིག་ཏུ་ཐུན་མོང་ཐོག་སྐྲུན་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས《དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་གི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་ཨུད་ཀྱི་བརྡ་ཁྱབ》སྒྲོག་སྦྱངས་གནང་ནས་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཚན་པ་༡༠དང་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་མི་སྒེར་༢༠ལ་གཟེངས་བསྟོད་གནང་བ་རེད། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་བ་རེད།

ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཚན་པའི་འཐུས་མི་དང་དཔེ་དམག་མི་སྒེར་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་སྦྲགས་ཁོང་ཚོ་དང་ལྷན་དུ་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་༢༠༡༩ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་དེ་དམག་ཡོངས་ལ་སྦྱོང་བརྡར་འགོ་ཚུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ་རེད།