༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཞི་ཅིན་ཕིང་གི་སྤྱི་ལོ་༢༠༡༩ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག

来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི2019-01-05 19:16:18 查看数0

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། མཁྱེན་ལྡན་མ་རྣམ་པ། སྐུ་ཞབས་རྣམ་པ།

ལྷན་རྒྱས་སྐུ་ཁམས་བཟང་། ལོ་ཟླ་ནི་མི་སྡོད་པར་དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་འདའ་བར་བྱེད། སྤྱི་ལོ་༢༠༡༩ལོ་སླེབས་གྲབས་ཡོད་པས། ང་རང་གིས་པེ་ཅིང་ནས་རྣམ་པ་ལྷན་རྒྱས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༨ལོ་ནི། ང་ཚོའི་འཚོ་བ་ཕུན་སུམ་ཚོགས་པ་དང་།བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་ཡོད། ལོ་འདིར། ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ། འགུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་བ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་འཁྱོངས་བྱས་ཡོད། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ས་གཞི་གཙང་མ་བཅས་ལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ལ་སྐུལ་འདེད་བདེ་བླག་བཏང་བ། དམངས་ཕན་བྱ་གཞག་ཁག་གོང་འཕེལ་མགྱོགས་མྱུར་ཕྱིན་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་གོང་འཕེལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཀྱི་ཏ་དབན་ཁུལ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་བརྟན་པོའི་སྒོ་ནས་ལག་བསྟར་བྱས་ཡོད། ང་རང་ནས་ས་གནས་ཁག་ཏུ་རྟོག་ཞིབ་བྱེད་སྐབས་དགའ་ཚོར་ལྡན་པའི་ངང་མཐོང་བར། འབྲི་ཆུའི་ངོགས་གཉིས་སུ་སྔོ་ལྗང་རྩི་ཤིང་གིས་ཁེངས་པ་དང་། སན་ཅང་ཡི་མུའུ་ཁྲི་ཡི་ས་གཞིའི་སྟེང་ལོ་ཏོག་གི་རྦ་རླབས་འཕྱུར་བ། ཧྲེན་ཀྲེན་ཡི་ཆན་ཧའེ་ཁུལ་དུ་གསོན་ཉམས་ཀྱིས་ཁེངས་པ། ཧྲང་ཧའེ་ཡི་ཀྲང་ཅང་དུ་གསོན་ཤུགས་ཀྱིས་ཁེངས་པ། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱིས་ཡུལ་གསུམ་གཅིག་ཏུ་འབྲེལ་བ་སོགས་དེ་དག་ཚང་མ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཕུ་ཐུང་བརྫེས་ནས་བསྒྲུབས་པ་ཤ་སྟག་རེད་ལ། དུས་རབས་གསར་པའི་འབད་འཐབ་བྱེད་མཁན་ཚོའི་རྔུལ་ཆུ་ལ་བརྟེན་ནས་བྱུང་བ་ཞིག་རེད།

ལོ་འདིའི་ནང་། ཀྲུང་གོའི་བཟོ་སྐྲུན་དང་། ཀྲུང་གོའི་གསར་གཏོད། ཀྲུང་གོའི་ལས་སྐྲུན་བཅས་ཀྱི་ཐུན་མོང་ཐོག་འབད་བརྩོན་འོག་ཀྲུང་གོའི་རྣམ་པར་མུ་མཐུད་ནས་འགྱུར་ལྡོག་བྱུང་ཡོད། ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་འཕེན་གཏོང་ལེགས་གྲུབ་བྱུང་བ་དང་། གྲུ་གཟིངས་ཨ་མ་གཉིས་པ་རྒྱ་མཚོར་བསྐྱོད་པའི་ཚོད་ལྟ་བྱས་པ། རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་སྐམ་མཚོ་གཉིས་སྐྱོད་གནམ་གྲུ་ཆུ་ནང་དུ་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བ། པེ་ཏོ་རྟགས་ཅན་གྱི་ཕྱོགས་སྟོན་དེ་འཛམ་གླིང་ཧྲིལ་པོའི་དྲ་སྦྲེལ་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་ཐུབ་པ་བཅས་བྱུང་ཡོད། དེར་བརྟེན། ང་རང་ནས་ཚན་རིག་མཁན་ཅན་རྣམ་པ་དང་། བཟོ་སྐྲུན་དགེ་རྒན་རྣམ་པ། དེ་བཞིན་རྒྱལ་ཁབ་ཆེན་པོའི་ལག་རྩལ་པ་རྣམ་པ། འཛུགས་སྐྲུན་པ་དང་དེའི་ནང་ཞུགས་མཁན་བཅས་ཚང་མར་གུས་འདུད་ཞུ་རྒྱུ་ཡིན།

ལོ་འདིའི་ནང་། དབུལ་སྒྲོལ་འགག་གཏོར་ཐད་ལ་གཏམ་བཟང་མང་པོ་ཁྱབ་ཡོང་ཞིང་རྒྱལ་ཡོངས་སུ་སླར་ཡང་དབུལ་ཕོངས་རྫོང་༡༢༥དབུལ་སྒྲོལ་ཐུབ་པ་རྩིས་ལེན་བྱས་པ་དང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་དབུལ་པོའི་གནས་ལས་བསྒྲལ་ཡོད། སྐྲན་ནད་འགོག་པའི་སྨན་རིགས་༡༧གྱི་སྨན་རིན་ཆག་པ་མ་ཟད་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ། ནད་གཞིའི་རྐྱེན་པས་དབུལ་པོ་ཆགས་པའི་གནད་དོན་ཐག་གཅོད་སྔར་ལས་ལྷག་པ་ཐུབ་བཞིན་ཡོད། ང་རང་གིས་དུས་དང་རྣམ་པ་ཀུན་ཏུ་དབུལ་སྒྲོལ་འཐབ་ས་དང་པོའི་ཐོག་འབད་འཐབ་བྱེད་མཁན་བློ་མཐུན་རྣམས་སེམས་ལ་ངེས་ཀྱི་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ་ས་ཡ་གཉིས་དང་བརྒྱད་འབུམ་ལྷག་ཙམ་གྱིས་ལས་དོན་ནང་ཧུར་ཐག་ཞུགས་པ་དང་འབད་བརྩོན་ཆེན་པོ་གནང་གི་ཡོད་ཅིང་ངེས་པར་དུ་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་བྱེད་དགོས། ང་རང་ནས་སྔ་བར་ཕྱི་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་སེམས་ལ་འཆང་བཞིན་ཡོད། ཟི་ཁྲོན་ལེའང་ཧྲན་གྱི་སན་ཧོ་གྲོང་ཚོར་ང་རང་ནས་དབྱི་རིགས་ཀྱི་གྲོང་མི་ཇི་ཧའོ་ཡེ་ཆིའུ་དང་ཅེ་ལེ་ཨོ་ཨ་མུ་ཁྱིམ་ཚང་གཉིས་ལ་ལྟ་བར་ཕྱིན་པ་ཡིན། ཧྲན་ཏུང་ཅི་ནན་གྱི་སན་ཅན་ཞི་གྲོང་ཚོར་ང་རང་ནས་ཀྲའོ་ཧྲུན་ལི་ཁྱིམ་མི་ཚོ་དང་མཉམ་དུ་བསྡད་དེ་གླེང་མོལ་བྱས་པ་ཡིན། ལེའོ་ཉིང་ཧྥུ་ཧྲུན་ཏུང་ཧྭ་ཡོན་སྡེ་ཁུལ་དུ་ང་རང་ནས་ཁྲེན་ཡུས་ཧྥང་གི་ཁྱིམ་དུ་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱས་ཚུལ་ཤེས་རྟོགས་བྱས་པ་ཡིན། ཀོང་ཏུང་ཆིང་ཡོན་ལན་ཀྲང་གྲོང་ཚོར་ང་རང་ནས་དབུལ་ཕོངས་དུད་ཚང་ལུའུ་དབྱི་དང་དབུལ་སྒྲོལ་འཆར་གཞིའི་སྐོར་གླེང་མོལ་བྱས་ཤིང་ཁོང་ཚོའི་ལྷག་བསམ་དག་ལ་བབ་ཆགས་པའི་རྣམ་པ་ད་ལྟའང་ང་རང་གི་དྲན་འཆར་ནང་འཁོར་ཡོང་གི་འདུག ལོ་གསར་པ་ཤར་བའི་སྐབས་འདིར་ང་རང་ནས་ཡུལ་མི་ཚོའི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་བ་དང་ཉིན་རེ་ལས་ཉིན་རེ་བདེ་སྐྱིད་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

ལོ་འདིའི་ནང་། ང་ཚོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་གོ་རིམ་ལྡན་པ་དང་། སྤྱི་ཡོངས། བསྐྱར་འཛུགས་བཅས་ཀྱི་སྒྱུར་བཅོས་བྱས་པ་དང་། སྒྱུར་བཅོས་བྱ་ཐབས་གལ་ཆེན་ཁག་༡༠༠ཙམ་བཏོན་པ། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་གཉེར་བ། ཧའེ་ནན་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་བཅས་བྱས་ཡོད། འཛམ་གླིང་ནས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ཀྲུང་གོས་མྱུར་ཚད་མགྱོགས་སུ་བཏང་བ་མཐོང་ཡོད་ལ། སྒྱུར་བཅོས་སྒོ་དབྱེ་མཐའ་གཅིག་ཏུ་བྱེད་པའི་ཀྲུང་གོའི་ཆོད་སེམས་ཀྱང་མཐོང་ཐུབ་ཡོད། ང་ཚོའི་སྒྱུར་བཅོས་ཀྱི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་པར། སྒོ་དབྱེའི་རྒྱལ་སྒོ་ཇེ་ཆེར་གཏོང་རྒྱུ་རེད།

ད་ལོ། མཐོ་རྒྱུགས་བསྐྱར་གསོ་བྱུང་རྗེས་ཀྱི་ཁག་དང་པོའི་སློབ་ཆེན་སློབ་མ་མང་ཆེ་བ་ལས་འཁྱུར་ངལ་གསོ་བྱས་ཟིན་པ་དང་། སྤྱི་ལོ་ཉིས་སྟོང་ལོ་ཚུན་དུ་སྐྱེས་པའི་ཕྲུ་གུ་ཚོ་རིམ་བཞིན་སློབ་ཆེན་དུ་བསྐྱོད་འགོ་ཚུགས་པ་ང་རང་ནས་དོ་སྣང་བྱུང་། གྲོང་ཁྱེར་གྱི་ཐེམ་ཐོ་མིན་པའི་མི་གྲངས་དུང་ཕྱུར་གཅིག་ལྷག་གྲོང་ཁྱེར་དུ་ཐེམ་ཐོ་འཇོག་པའི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད་པ་དང་། མི་བྱེ་བ་གཅིག་དང་ས་ཡ་གསུམ་གྲོང་རྡལ་དུ་ལས་ཞུགས་ཐུབ་པ། སྡོད་ཁང་ཐབས་ཆག་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད་སྡོད་ཁང་ལྔ་འབུམ་བརྒྱད་ཁྲི་ལས་འགོ་ཚུགས་པ། གྲོང་མི་གསར་པར་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡོད་པར་གྱུར་བ་བཅས་བྱུང་ཡོད། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་མང་པོར་གནས་སྡོད་ལག་ཁྱེར་རག་པ། ཤང་ཀང་དེ་ཉིད་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ནང་ཚུད་ཡོད། འགུལ་སྐྱོད་བྱེད་པའི་ཀྲུང་གོར། དར་རྒྱས་གོང་འཕེལ་གྱི་གསོན་ཤུགས་ཀྱིས་ཁེངས་ཤིང་ང་ཚོས་མདུན་ཕྱོགས་སུ་འབད་བརྩོན་ཆེན་པོས་བསྐྱོད་བཞིན་ཡོད་ལ། ང་ཚོ་ནི་ཕུགས་བསམ་བརྩོན་ལེན་བྱེད་མཁན་ཤ་སྟག་ཡིན།

དུས་འདིར། ང་རང་ནས་ད་དུང་འོད་མདངས་འཚེར་བའི་མིང་ཞིག་གླེང་འདོད་འདུག དེ་རིང་། གནམ་དགུང་དུ་ནན་རེན་ཏུང་ཤིང་ཞེས་པའི་སྐར་མ་ཞིག་མང་དུ་ཕྱིན་པ་དང་། དམག་ཡོངས་ཀྱི་དཔའ་བོའི་དཔེ་བཟང་འདྲ་པར་ནང་བློ་མཐུན་ལིན་ཅུན་དེ་དང་ཀྲང་ཁྲའོ་རྣམ་གཉིས་མང་དུ་ཕྱིན་ཡོད། ང་ཚོས་ལོ་ངོ་༣༢རིང་གླིང་ཕྲན་སྲུང་མཁན་བློ་མཐུན་ཝང་ཅི་ཚའེ་ཡིད་ལ་ངེས་དགོས་ལ། ཚོད་ལྟའི་སྟེགས་བུ་སྲུང་སྐྱོང་གནང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་བློ་མཐུན་ཧོང་ཆུན་དང་། སུང་ཡུའེ་ཚའེ། ཅང་ཁའེ་པིན། དེ་བཞིན་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་གཅེས་པའི་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་རྣམས་ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་སྣ་ཡིན་པས་ང་ཚོས་ནམ་ཡང་དྲན་གསོ་དང་སློབ་སྦྱོང་ཞུ་དགོས།

ལོ་འདིའི་ནང་། གྲོགས་པོ་གསར་རྙིང་མང་པོ་ཀྲུང་གོར་སླེབས་ཡོད། ང་ཚོས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་སྤེལ་ནས། ཀྲུང་གོའི་འདོད་ཚུལ་བཏོན་པ་དང་། ཀྲུང་གོའི་བསམ་ཚུལ་གླེང་ཡོད། ང་རང་དང་ལས་རོགས་ཚོས་གླིང་ཆེན་ལྔ་ལ་འཚམས་འདྲི་ཞུས་པ་དང་། གལ་ཆེའི་ཕྱི་འབྲེལ་བྱེད་སྒོ་ཁག་མང་པོའི་ནང་ཞུགས་ཏེ། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་སྤེལ་རེས་རྒྱ་ཁྱབ་བྱས་པས། མཛའ་གྲོགས་འབྲེལ་བ་བརྟན་དུ་སོང་བ་དང་ཡིད་ཆེས་བྱ་ཤུགས་ཆེ་རུ་ཕྱིན་པ། ང་ཚོའི་གྲོགས་ཚོམས་རྒྱ་ཆེར་ཕྱིན་ཡོད།

སྤྱི་ལོ་༢༠༡༩ལོར་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། ལོ་ངོ་བདུན་བཅུའི་རིང་དཀའ་ངལ་ཁྱད་བསད་དང་ལོ་ངོ་བདུན་བཅུའི་རིང་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། མི་དམངས་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་དང་། མི་དམངས་ནི་ང་ཚོའི་སྲིད་འཛིན་གྱི་གཏིང་ཤུགས་ཆེ་ཤོས་དེ་ཡིན། ལོ་འདི་དག་རིང་། ཀྲུང་གོའི་མི་དམངས་ཀྱིས་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་ཀུན་གྱིས་ཡིད་སྨོན་བྱེད་པའི་ཀྲུང་གོའི་ངོ་མཚར་བཏོད་ཡོད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག དཀའ་ངལ་དང་འགོག་རྐྱེན་གང་ཞིག་འཕྲད་རུང་། ང་ཚོས་མི་དམངས་ལ་དམ་པོར་བརྟེན་རྒྱུ་དང་། རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་རྒྱུན་འཁྱོངས་བྱེད་པ། སེམས་ཤུགས་བརྟན་པོ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ལ་བརྟེན་ ནས། གོམ་པ་རེ་རེ་བཞིན་སྔར་བྱུང་མ་མྱོང་བའི་རླབས་ཆེའི་བྱ་གཞག་ལ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

སྤྱི་ལོ་༢༠༡༩ལོར་གོ་སྐབས་ཡོད་ལ་འགྲན་རྩོད་ཀྱང་ཡོད། ཚང་མས་མཉམ་དུ་འབད་འཐབ་བྱེད་དགོས། དཔྱ་ཁྲལ་ཉུང་དུ་གཏོང་བ་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། ལྷག་བསམ་ལྡན་པའི་ངང་རིགས་ཁག་གི་ཤེས་ལྡན་མི་སྣར་བརྩི་འཇོག་བྱས་ནས། ཁོང་ཚོའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ལས་བྱེད་པའི་བསམ་འཆར་ལ་ཉན་ནས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པའི་ལས་བྱེད་པར་ལས་ཀ་བྱེད་ཤུགས་ཡོད་པ་དང་ཕུགས་བསམ་ཡོད་པ་བྱེད་དགོས། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ས་ཡ་གཅིག་ལྷག་གི་དབུལ་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བར། ད་དུང་དམིགས་འབེན་བརྟན་པོར་བཟུང་ནས་ལས་དོན་ཤུགས་ཆེན་བསྒྲུབ་དགོས། དམག་ཞབས་ཐིམས་པའི་དམག་མིར་གཅེས་སྐྱོང་བྱེད་དགོས། ཁོང་ཚོས་མེས་རྒྱལ་སྲུང་སྐྱོབ་ཆེད་ལེགས་སྐྱེས་ཕུལ་ཡོད། མཚམས་འདིར། མྱུར་སྐྱེལ་ལས་མི་དང་། ཁོར་ཡུག་སྲུང་སྐྱོང་བཟོ་པ། གླ་བྱེད་རླངས་འཁོར་གྱི་ཁ་ལོ་བ། དེ་བཞིན་ངལ་རྩོལ་པ་ཁྲི་སྟོང་མང་པོས་ད་དུང་དཀའ་ངལ་ཁྱད་བསད་ངང་ལས་དོན་སྒྲུབ་བཞིན་ཡོད་པས། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་དེ་དག་ལ་ཐུགས་རྗེ་ཆེ་ཞུ་དགོས། ཚང་མ་སྐུ་ལས་ཁག་སོང་།

འཛམ་གླིང་ཧྲིལ་པོར་ལྟ་སྐབས། ང་ཚོར་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་འཕྲད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སེམས་ཤུགས་དང་ཆོད་སེམས་འགྱུར་མི་སྲིད་ལ། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་དང་སེམས་བཟང་འགྱུར་མི་སྲིད། ང་ཚོས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མུ་མཐུད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།

ལོ་གསར་གྱི་ཅོང་སྒྲ་སྒྲོག་གྲབས་ཡོད་པ་དང་། ང་ཚོས་སེམས་ཤུགས་དང་རེ་བས་ཁེངས་ནས་མཉམ་དུ་སྤྱི་ལོ་༢༠༡༩ལོར་བསུ་བ་ཞུ།

ཀྲུང་གོ་དང་འཛམ་གླིང་ལ་བཀྲིས་བདེ་ལེགས་དང་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༨ལོའི་ཟླ་༡༢པའི་ཚེས་༣༡ཉིན།

ཞི་ཅིན་ཕིང་།