༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ང་ནི།

来源:ཀྲུང་གོའི་བོད་ཀྱི་དྲ་བ།2019-04-10 11:26:00 查看数0

1.jpg

ང་ནི།

                                                                       ཁྲི་གོང་ཨོ་རྒྱན་ཚེ་རིང་།


ང་ནི་རང་རྐྱ་འཕར་བའི་ལྷན་སྐྱེས་ཀྱི་ལྕེབས་ཐག་དང
རང་ལུས་ཀྱི་བདག་པོ་ལྟ་བུ་སྟེ
སུས་ཀྱང་གྱེར་མ་མྱོང་བའི་རྡོ་རྗེ་ཕ་ལམ་དེ་ཡིན
 
ཡིན་ན་ཡང
ང་ལྷ་སར་ཡོང་དུས མགྲོན་པོ་ཞིག་གི་ཚུལ་གྱིས་བསླེབས་ཤིང
ངས་ཤ་ཁྲག་གིས་འབྱེད་པའི་ནམ་མཁའ་དང
གློ་སྙིང་གིས་རྔུབ་པའི་ས་གཞི་དེ་མཐོང་དུས
རང་ཉིད་ཀྱང་དེ་ལས་ཟེགས་པའི་རྡུལ་ཕྲན་ཞིག་དང
དེ་ལས་འཐོར་པའི་སེམས་ཁམས་ཤིག་སྟེ
ནམ་ཡང་མིག་མཐའ་མཆི་མས་བརྣངས་པ་དེའང
ཁྱེད་ལ་དུང་བས་ཡིན་ལ
ཁྱེད་ཀྱི་ཟུངས་ཁྲག་ནང་དུ་ངའི་ཕ་མེས་ཀྱི་འབྱིན་རྔུབ་ཡོད་པས་ཀྱང་ཡིན
 
ང་ནི་ནམ་མཁས་བཅད་པའི་སེམས་ཅན་ཞིག་དང
ཁྱེད་ནི་ཡར་ཀླུང་གཙང་པོའི་འགྲམ་གྱི་བཏགས་དོན་ཞིག་སྟེ
ངས་ཇི་ལྟར་བཙལ་ཡང་ཅི་ཡང་མ་རྙེད
 
ངས་ལན་རེར་གཙུག་ལག་ཁང་དུ་གསེར་ཡིག་འབྲི་བཞིན
ལན་རེར་པོ་ཏཱ་ལ་རུ་སྐྱབས་འཇུག་ཞུ་བཞིན  ཁྱེད་རང་བཙལ་ཡང
ཁྱེད་ནི་ངའི་སེམས་ཁོང་ལ་ཟུག་པའི་རྨ་ཁ་ཟབ་མོ་ཞིག་དང
ང་ནི་ཁྱེད་ཀྱི་མིག་ལམ་ན་འདར་བའི་གྲིབ་གཟུགས་ཤིག་སྟེ
ངས་ཇི་ལྟར་བསམ་ན་དེ་ལྟར་མཐོང་ཡོང
 
ང་ནི་དོན་ལྔ་སྣོད་དྲུག་གིས་གྲུབ་པའི་ཕུང་བོ་ཞིག་དང
ཁྱེད་ནི་རང་སེམས་གསོ་བའི་སྣང་ངོ་བན་བུན་ཞིག་སྟེ
ངས་ཇི་ལྟར་བཙལ་ཡང་ཅི་ཡང་མ་རྙེད
 
ཡང་ངས་ལན་རེར་ཕ་མའི་འདུ་འགོད་དང
ཕུ་ནུའི་ལབ་གླེང་བར་དུ  ཁྱེད་རང་བཙལ་ཡང
ཁྱེད་ནི་སྤུ་གྲིའི་ཀློང་ན་འཁྱམས་པའི་རྣམ་ཤེས་ཕྲ་མོ་ཞིག་དང
ང་ནི་མི་ཚོགས་ཁྲོད་ན་འཕྱོ་བའི་མི་ལུས་གསོན་པོ་ཞིག་སྟེ
ངས་ཇི་ལྟར་བསམ་ན་དེ་ལྟར་མཐོང་ཡོང
 
 
ང་ནི་སུས་ཀྱང་གྱེར་མ་མྱོང་བའི་རྡོ་རྗེ་ཕ་ལམ་དེ་དང
ཁྱེད་ནི་འཇིག་རྟེན་ལས་འདས་པའི་རྡུལ་ཕྲན་མིག་མེད་ཅིག་སྟེ
ངས་ཇི་ལྟར་བཙལ་ཡང་ཅི་ཡང་མ་རྙེད
 
ཡང་ངས་ལན་རེར་གཡང་ཁྱིམ་གྲུ་བཞིའི་བར་ཁྱམས་དང
བུ་དང་བུ་མོའི་དྲོད་ཁོལ་བར་དུ  ཁྱེད་རང་བཙལ་ཡང
ཁྱེད་ནི་ངའི་སེམས་ཁོང་ན་ལྡིང་བའི་སྙིང་གསོན་པོ་ཞིག་དང
ང་ནི་ལྷ་སའི་ཁྲོམ་ན་སྐྱོད་པའི་མི་གཟུགས་རློན་པ་ཞིག་སྟེ
ངས་ཇི་ལྟར་བསམ་ན་དེ་ལྟར་མཐོང་ཡོང
 
མདོར་ན་ང་ཚོ་མེ་དཔུང་ཞིག་གི་རྒྱབ་ལྗོངས་ན་འཚོ་བའི
ཞོགས་པའི་ཟིལ་བ་དྭངས་མོ་དེའོ

           

                  ༢༠༡༨ལོའི་ཟླ་༣ཚེས་༣༠ཉིན་ལྷ་ས་ནས།

        མཆན།  ༢༠༡༨ལོའི་སྦྲང་ཆར་དེབ་༤ལས་བཤུས།