༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ལྷ་སའི་ཞོགས་པ༼ཞར་བཀོད་གཅིག༽

来源:2018-01-25 13:46:19 查看数0

ཁྲི་གོང་ཨོ་རྒྱན་ཚེ་རིང་།

ཞོགས་པའི་སྐྱ་མདའ་དམར་པོ་རིའི་གཤོག་འོག་ནས་རྒྱས་དུས

ལྷ་ས་བཙས་མ་ཐག་པའི་བྱིས་པ་ཞིག་དང་འདྲ་བར

ཕ་མེས་གྲེ་བར་འཁྱིལ་བའི་ཡིག་དྲུག་བཞིན

སྐོར་ལམ་དུ་བསྙལ་ཅིང་འཁྲུད་ལ

ཇོ་ཁང་ཕྱག་གིས་མཇལ་ཅིང་པོ་ཏཱ་ལ་སེམས་ལ་ཉར་ཏེ

ཨ་མའི་པང་དུ་བག་ཡངས་སུ་རྒྱུ   སྔ་མོར

ལམ་འགྲམ་གྱི་གློག་འོད་ཟ་ཟི་ངང་འཚེར་བ

ཕལ་ཆེར་མ་ཎི་འཁོར་ལོས་སེམས་ཤུགས་ཀྱིས་བསྒྲོན་པར་སེམས

དེ་མིན་རྒྱང་རིང་གི་མགྲོན་པོས་བསང་དུད་རླུང་ལ་བསྐུར་ཚེ

ཞོགས་པའི་དྲི་བཞོན་གྱིས་ལམ་སྨད་ཀྱི་གློག་འོད་དག་ཇི་ལྟར་གཟིམ


དེ་དུས་པོ་ཏཱ་ལས་མཆོད་བསྟོད་བྱེ་བའི་མེ་ལྕེའི་གཟི་བྱིན་བསྣམས་ཏེ

ཕྱོགས་བཞིའི་དད་ལྡན་རྣམས་ལ་ཞི་བདེའི་དངོས་གྲུབ་སྩོལ་བཞིན

བསིལ་རླུང་གི་བང་ཁ་བརྟོལ་བའིTAXLའཛུམ་བརྒྱ་དང

བར་སྐོར་དུ་འཁྱམས་པའི་སྤྲང་ཁྱིས་སྦྱིན་བདག་གི་ཕྱག་ཟུང་ལས

མཚམས་སྤྲིན་དམར་པོའི་བྱང་སེམས་དཔྲལ་བར་བཅིངས་ནས

སྐྱིད་སྡུག་གི་མཁའ་དབྱིངས་ལ་སྙན་ངག་གི་དཀྱིལ་འཁོར་དྲངས་བྱུང


གནས་དེའི་གྲོང་ཚོ་ལས་འཕྱུར་བའི་ཞོགས་པའི་དུ་ཞགས

ལྷ་སའི་སྐྱིད་ཆུ་བཞིན་བག་ཕེབས་ལྷོད་ཡངས་ངང་བཞུར་བ

ངང་རྒྱུད་ལྷོད་ཅིང་རྩོལ་ཤུགས་ཉམས་ལ

ལྕགས་པོ་རིའི་རྒྱབ་ཏུ་མེ་འཁོར་གྱི་དུང་སྒྲ་དབུལ་ཡང

ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་པས

གླིང་སྐོར་གྱི་ལམ་ན་བགྲེས་སོང་ཕྱི་མར་བྲེལ་ཞིང

སྐྱེས་པ་ཚོ་མཚན་མོར་བསྔས་ནས་གསར་རྩོམ་ལ་གཞོལ


ཡར་ཀླུང་གཙང་བོའི་གཤོག་རླབས་མཁའ་མཐར་རྐྱོང་དུས

འགྲུལ་བཞུད་པའི་མིག་ཟུང་སྐར་མདའ་བཞིན་ལྷ་སར་ལྷུང

འཇིག་རྟེན་བདོག་པ་ཙམ་གྱིས་གྲུབ་ན

ཁ་བཏགས་ཀྱི་མཆོད་སྤྲིན་ལྷ་ལམ་ལས་ཡངས་ཤིང

བུད་མེད་འཛུམ་ཀོང་ཆང་སེར་ལས་ཀྱང་ཞིམ

འཆམ་རྡུང་གི་སྟངས་སྟབས་ལས

ལྷ་སའི་ཞོགས་པ་སྔོ་ཞིང་དྭངས་པ

ལས་ལ་བརྩོན་པའི་སོ་ནམ་པའི་སེམས་ཁམས་དང

ཀུན་ནས་མཚུངས། 

༡༩༩༨ལོའི་ཟླ་༨ཚེས་༡༠ཉིན་ཟི་ལིང་དུ།

མཆན།  སྙན་རྩོམ་འདིའི་རྒྱ་འགྱུར་ལ་༡༩༩༩ལོར“༩༩བུམ་པའི”རྒྱལ་ཡོངས་ཀྱི་སྙན་ངག་དང་ལྷུག་རྩོམ་འགྲན་བསྡུར་ཆེན་མོའི་ཁྲོད་སྙན་ངག་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། ༢༠༠༥ལོར་སྐབས་ལྔ་པའི་ཀྲུང་གོའི་དུས་རབས་རྩོམ་རིག་འཚོལ་བསྡུ་ཆེན་མོའི་མཛད་སྒོའི་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། དུས་རབས་གསར་པར་གཏོར་བའི་མེ་ཏོག་གི་མཆོད་ཡོན་ཞེས་པའི་དཔེ་དེབ་ནང་དུ་གདམས།

སྒྲོལ་མ་དཀར་མོ།

                                            ___གྲོགས Z·G ལ།

སྔ་དྲོ་ཕོ་བྲང་དུ  པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག

ཕྱི་དྲོ་སྐོར་ལམ་དུ   ཀུ་ཤུ་དམར་པོ་ལོ་མའི་རོལ་སྒེག་ཅན

ཁྱེད་ཀྱི་སྙིང་ཁར་གཏན་དུ་འཁྲིགས་པའི་མཚམས་སྤྲིན་དེ

ཆུ་ལེན་བུ་མོའི་ཟོ་ཁ་ན་འཕྱོ་བའི་ཉིན་བྱེད་དེའི་སླད་དུའམ

རྒྱལ་སྲས་གཞོན་ནུས་བརྩོན་པའི་ཟླ་བའི་དཀྱིལ་འཁོར་དེའི་ཆེད་དུ་ཡིན


ལེ་བར་ཉིས་སྟོང་བརྐྱངས་བསྐུམས་ཀྱིས་བཅད་མཐར

ཁྱེད་རང་སྙིམ་པའི་པད་འདབ་ལས་འཛུམ་མེར་འཁྲུངས་པ

ཁོ་བོས་ལག་ཟུང་སྤྱི་བོར་བཏེགས་པའི་སྒོམ་བཟླས་སམ

བསྐལ་བར་རྨུ་ཐག་བརྒྱུས་པའི་སྨོན་ལམ་ཡིན

གལ་སྲིད་ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་ན

སེང་ལྡེང་ནགས་ཀྱི་ཡིད་འཕྲོག་གཟི་བྱིན་དེ

བདག་གི་སྙིང་ཁོང་རུས་པའི་ཚལ་ལ་བཀྱེས་དང

ཁོ་བོས་ཁྱེད་ལ་སྙན་ངག་གི་མགུལ་རྒྱན་བསྒྲོན་ནས

ཕྱི་ཕྱག་གཡབ་མོས་འཁྲེང་བའི་སྐྱིད་ཆུའི་འགྲམ་དུ

བརྩེ་དུང་གི་འོ་ཞོས་བཀྲུས་པའི་མཆོད་རྟེན་རེ་བཞེངས་ཏེ

རྒྱང་རིང་གི་ཡུལ་གྲུ་དེ་ཡང་བདེ་སྡུག་གི་ཞིང་བཀོད་ཅིག་ཏུ་བསྒྱུར་འདོད


འཁྲེང་སེམས་ཀྱི་མཆི་མའི་ཆར་རྒྱུན་གང་གི་བྱ་འདབས་ནས་འབབ་དུས

ལྷུག་པོར་གྲོལ་དང   རྨི་ལམ་དུ


བདག་གིས་དད་འདུན་དང་མོས་གུས་ཀྱི་མཆོད་བསྟོད་བྱེ་བའི་གསེང་ནས

ཆུང་མ་ཕར་ལ་འཁོར་བའི་རྟོག་འགྱུ་བརྒྱུད་དེ

ཁྱེད་རང་བྲང་ཁར་གླན་ནས་འཇིགས་པ་བརྒྱད་སྐྱོབ་སེམས་བྱུང་དུ་མྱོང་དུས

ལྷུག་པོར་འཛུམ་ཞིག   ཁོ་བོའི་རྨི་ལམ་དུ


དུས་བཞིའི་འགྱུར་ལྡོག་གི་ཆགས་སྡང་དང

དད་པའི་སྤུ་ལོང་གི་གཡོས་ཕྱོགས་ལས་ཀྱང

ཁྱེད་ཀྱི་སྐུ་མདོག་དང་གྲིབ་གཟུགས་ལ་ཆག་ཀྲུམ་མ་བྱུང་བས

དཔྱིད་རླུང་རི་ལུང་གི་བལ་ཁ་ནས་སོས་ཤིང

སྦྲང་ཆར་འདམ་གཞོང་གི་རྨིག་རྗེས་ལས་འབུས

ཡིན་ན་ཡང   བདག་གིས་གྲང་རེག་གི་མངར་སྐྱུར་རུམ་ནས

ཁ་བའི་དྲི་རྟགས་ལྷབ་ལྷུབ་འབབ་པའི་ཞོགས་པ་དེར

སྙེ་ཐང་དུ   སྟོན་རླུང་སེར་པོའི་གཡེར་དྲིལ་ཉན་ནས་ཡོད


ལྷ་མོ་ལགས   ཁྱེད་ཉིད་ཁོ་བོའི་གློ་སྙིང་གི་པད་གདན་སྟེང་དུ

དྲི་ཟའི་བུ་མོའི་ཟུར་མདའི་འཆོར་སྒེག་དང་བཅས

མཛེས་པའི་ཉམས་ཀྱིས་ལྷེམ་མེར་བཞུགས་དང

ཁོ་བོས་རྒྱ་སེའི་ཚོམ་བུ་སྙིམ་པར་བཏེགས་ནས

ཁྱེད་ལ་དལ་མོར་ཆས་ཆོག   ཆས་ཆོག


ལྷུག་པོར་འཛུམ་ཞིག

ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་ན


མཆན། སྙན་རྩོམ་འདིའི་རྒྱ་འགྱུར་དུས་རབས་ཉི་ཤུའི་ཀྲུང་གོའི་ཕུལ་བྱུང་རྩོམ་པ་པོའི་བརྩམས་ཆོས་ཉིང་བསྡུས་ཞེས་པའི་དཔེ་ཚོགས་ནང་དུ་བདམས།

ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་རིག་རབ་འབྱམས་པ་དང་ཞུས་ཆེན་ལོ་ཙཱ་བ་སྟེ། མཚོ་སྔོན་ཁྲི་ཀའི་མི་ཡིན། སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་སྙན་ངག་དང་དཔྱད་རྩོམ། སྒྱུར་རྩོམ་ལ་སོགས་བརྩམས་ཆོས་བརྒྱ་ལྷག་ལྗོངས་ཕྱི་ནང་གི་དུས་དེབ་སོགས་ཀྱི་སྟེང་དུ་སྤེལ་མྱོང་ལ། དེ་ལས་བརྩམས་ཆོས་ཁག་ཅིག་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་ཚོགས་བཅུ་ལྷག་གི་ནང་དུ་བདམས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་བཅུ་གཉིས་ལ་ཐོབ་མྱོང་པ་མ་ཟད། ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ། རིག་འཛིན་ཚངས་དབྱངས་རྒྱ་མཚོ༼རྒྱ་འགྱུར༽སོགས་དཔེ་ཆ་ཁ་ཤས་པར་སྐྲུན་འགྲེམས་སྤེལ་བྱས་དང་བྱེད་བཞིན་པའི་སྒང་ཡིན། ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནང་ཕྱག་ལས་གནང་བཞིན་ཡོད།