༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཡི་གེའི་ལག་ལེན་ལས་ལ་དོན་འཇུག་ཡུལ་གྱི་དོགས་གཞི་ཁ་ཤས་ལ་དཔྱད་པ།

来源:2019-07-08 23:03:20 查看数0


༢༠༡༨ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་གསུམ་པའི་སྟེང་བཀོད་ཡོད།

མཁར་རྒྱ་ཐར།

ནང་དོན་གནད་བསྡུས།

རྩོམ་ཡིག་འདིར་རང་གི་ལས་ཀར་འབྲེལ་བའི་དབུས་གཙང་སྐད་ཀྱི་ལོ་ཙཱ་དང་། བརྙན་འཕྲིན་འཁྲབ་གཞུང་། བོད་ཡིག་གསར་འགྱུར་ཚགས་པར། བརྙན་འཕྲིན་གྱི་ལོ་གསར་ཤིས་ཚིག་སོགས་ཀྱི་ཡིག་ངོས་སུ་ལ་དོན་གྱི་འཇུག་ཡུལ་ཁ་ཤས་ལ་ཕྲད་མི་སྦྱོར་བའི་སྣང་ཚུལ་མང་དུ་མཆིས་པ་ལས། དཔེར་མཚོན་གྱི་དོགས་གཞི་ཁག་ཅིག་ལོགས་སུ་བཀར་ཏེ་བརྡ་སྤྲོད་རིག་པའི་སྤྱི་སྲོལ་དང་སྦྱར་ནས་དཔྱད་བསྡུར་བྱས་ཡོད།

བརྡ་ཆད་གཙོ་བོ།

ལ་དོན།  རྣམ་དབྱེ་གཉིས་པ།   དེ་ཉིད།   དོགས་གཞི།   ལག་ལེན།

གླེང་གཞི།

བོད་གངས་ཅན་གྱི་ལྗོངས་འདིར་ཡུལ་སྐད་ཀྱི་དབང་གིས་དབྱེ་ན། མདོ་དབུས་ཁམས་གསུམ་དུ་ཕྱེ་པའི་ཡུལ་སྐད་ཆེན་པོ་གསུམ་ཡོད་ཅིང་། ཡུལ་སྐད་ཆེན་པོ་དེ་གསུམ་ལ་ཁྱད་པར་ཡོད་པའི་དབང་གིས་ཁ་སྐད་དུ་ཕན་ཚུན་བརྡ་འཕྲོད་དཀའ་བའི་གནས་ཚུལ་འབྱུང་གིན་ཡོད་ཀྱང་། ཡིག་སྐད་ནི་གཅིག་གྱུར་ཏེ་སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ཀྱི་བརྡ་སྤྲོད་རིག་པ་ཉིད་བོད་ཀྱི་སྐད་ཡིག་ཐུན་མོང་གི་བརྡ་སྤྲོད་ཀྱི་ཕྱི་མོའམ་གཞི་འཛིན་ས་ཁོ་ན་ཡིན་པས། ཡིག་སྐད་ལ་བརྡ་སྤྲོད་རིག་པ་དེ་ཁོ་ན་ལས་མེད་དོ།། སྤྱིར་ཁ་སྐད་དང་ཡིག་སྐད་གཉིས་ལས་ཐོག་མར་ཁ་སྐད་བྱུང་ཞིང་དེ་ནས་རིམ་གྱིས་ཡི་གེ་དར་བ་ནས་བཟུང་ཁ་སྐད་ཀྱི་རྨང་གཞིའི་སྟེང་ཡིག་སྐད་འཕེལ་རྒྱས་བྱུང་སྟེ་གཅིག་གྱུར་ཡོང་བ་ནི། ཡི་གེ་ཡོད་པའི་མི་རིགས་སྤྱིའི་སྐད་ཡིག་འཕེལ་བའི་ཆོས་ཉིད་ཟློག་མེད་ཅིག་ཡིན་པ་བཞིན་དུ་བོད་སྐད་ཀྱང་དེ་བཞིན་ནོ།། ཡི་གེ་དར་རྗེས་ཡིག་སྐད་ནི་ཁ་སྐད་ལ་བརྟེན་ནས་གཅིག་གྱུར་དང་འཕེལ་རྒྱས་བྱུང་ཞིང་། ཁ་སྐད་རྨང་གཞིར་བྱས་ནས་ཡིག་སྐད་གྲུབ་པ་ཡིན་ཡང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་སྐད་ཡིག་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཡིག་སྐད་འཐུས་ཇེ་ཚང་དུ་ཕྱིན་ཅིང་། ཡིག་སྐད་ཀྱི་རིག་པ་ཕྱོགས་སྡོམ་བྱས་པ་ལས་བརྡ་སྤྲོད་རིག་པ་གྲུབ་ཅིང་དེས་ཁ་སྐད་ལ་རིག་པའི་གཞུང་ལུགས་ཀྱི་ལམ་སྟོན་གནང་ཡོད།

ངག་ཐོག་གི་སྐད་ཆ་རྣམས་ཡིག་ཐོག་གི་སྐད་ཆར་ཕབ་ཚེ་བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་བསྟུན་པ་ལས་ཡུལ་སྐད་གཞིར་འཛིན་མི་རུང་ཞིང་། བརྡ་སྤྲོད་ཀྱི་མིང་མཐའི་ཡི་གེའི་སྡེབ་སྦྱོར་གྱི་རྣམ་གཞག་དང་དོན་སྟོན་པའི་བྱེད་ལས་ཀྱི་ཆ་ནས་ཕྱེ་བའི་བརྡ་སྤྲོད་པའི་རྣམ་གཞག་གང་ཡིན་ཡང་ཡི་གེའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལྟར་སྦྱོར་བ་ནི་ཆོས་ཉིད་ཡིན་ཏེ། ཨ་ལགས་དོར་ཞི་མཆོག་གིས་ཡི་གེའི་ཐོབ་ཐང་དེ་ཡང་བོད་སྐད་ཀྱི་སྒྲ་གདངས་ལ་རང་ཆས་སུ་ཡོད་པའི་དངོས་པོའི་ཆོས་ཉིད་ལས་བྱུང་བ་ཞིག་ཡིན་པས། ཡུལ་སྐད་ཇི་ལྟར་འགྱུར་ཀྱང་། ཡིག་ངོར་ཐོབ་ཐང་ལྟར་འབྲི་བ་ནི་འཇིག་རྟེན་གྱི་སྦྱོར་ཀློག་ཡི་གེའི་སྤྱི་སྲོལ་ཞིག་ཡིན་པ་དེ་ཡང་ཤེས་དགོས་ཞེས་གསུངས་པ་བཞིན། ཡི་གེའི་ལམ་ནས་བརྡ་སྤྲོད་དགོས་ཚེ། ངེས་པར་དུ་ཡིག་སྐད་དང་ཡིག་སྐད་ལས་གྲུབ་པའི་བརྡ་སྤྲོད་རིག་པ་གཞིར་འཛིན་དགོས་པ་ལས། ཁ་སྐད་ཀྱི་བརྗོད་སྟངས་གཙོ་བོར་བཟུང་ནས་ཡིག་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་བཅའ་བའི་ཐབས་ནི་ཡེ་ནས་མེད་དེ། དེ་ལྟར་ན། བོད་གཅིག་གྱུར་གྱི་བརྡ་སྤྲོད་རིག་པ་ལས་ལོག་པའི་ཕུང་གསུམ་པའི་བརྡ་སྦྱོར་ལུགས་ཤིག་མི་འབྱུང་བའི་ངེས་པའང་མེད་པར་སྙམ། དེང་གི་བརྡ་སྤྲོད་སྨྲ་བའི་སློབ་དཔོན་ཆེན་མོ་རྒན་བདེ་མཆོག་ལགས་ཀྱིས་ཀྱང་སྐད་ཆ་གཙོ་བོ་ཡིན་ནམ་ཡི་གེ་གཙོ་བོ་ཡིན་པ་དེ་ཐོག་མར་དཔྱད་གཞིའི་གནས་ཤིག་ཡིན། སྐད་ཆ་ནི་བྱེ་མ་ལྟ་བུ་རེད། ཡི་གེ་ནི་གསེར་ལྟ་བུ་རེད། བྱེ་མའི་ནང་ནས་གསེར་ཡོང་བ་མ་གཏོགས། གསེར་གྱི་ནང་ནས་བྱེ་མ་ཡོང་མི་སྲིད་ཅེས་པ་ལྟར། ཡིག་ངོས་ནས་བརྡ་སྤྲོད་པའི་སྐབས་སུ། སྐད་ཆ་དང་ཡི་གེ་གཉིས་ལས་ཡི་གེ་གཙོ་བོ་དང་། ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་གཙོ་བོ་སྟེ། ཁ་སྐད་ཀྱི་ཉིང་བཅུད་དུ་གྲུབ་པའི་ཡིག་སྐད་དམ་ཡི་གེའི་བརྡ་སྤྲོད་ལུགས་དེ་གལ་ཆེན་དུ་འཛིན་དགོས་པ་ཡིན་ནོ།།

བོད་ལ་ཡིག་སྐད་ཀྱི་དབང་དུ་བྱས་ན་ཡང་གནའ་བོའི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་སོགས་གཞིར་བྱས་པའི་བརྡ་རྙིང་གི་ཡིག་སྐད་དེ་བོད་ཀྱི་གནའ་རབས་ཡིག་སྐད་དང་། སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་བྱུང་བའི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་རྣམས་སུ་བྱུང་བའི་བསྟན་བཅོས་ཀྱི་སྐད་ཆ། ཉེ་རབས་ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་བར་དུ་བྱུང་བའི་གཞོན་ནུ་ཟླ་མེད་དང་། ར་མ་ཎའི་གཏམ་རྒྱུད། སྙན་ངག་མེ་ལོང་མ་ལྟ་བུའི་རྩོམ་རིག་གི་སྐད་ཆ་དང་། དེང་དུས་ཀྱི་མཁས་པ་དུང་དཀར་རིན་པོ་ཆེ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་ཚང་སོགས་མཁས་པ་རྣམས་ཀྱི་གསུང་རྩོམ་ལྟ་བུའི་དེང་རབས་ཀྱི་ཡིག་སྐད་སོགས་གང་དུའང་བརྡ་སྤྲོད་རིག་པའི་འཇུག་ཚུལ་ཚང་མ་གཅིག་མཐུན་ཡིན་པ་དེ་ལས། ཡིག་སྐད་དུ་བོད་ཀྱི་བརྡ་སྤྲོད་རིག་པ་གཙོ་བོར་བཟུང་ཡོད་པ་སྟེ། ཁ་སྐད་ཀྱི་རྨང་གཞི་ལས་ཡིག་སྐད་ཕུན་སུམ་ཚོགས་པར་བཏང་ནས་ཁ་སྐད་ལ་ཡིག་སྐད་ཀྱིས་མཛུབ་སྟོན་གནང་དགོས་པའི་གནས་ལུགས་དེ་མཐོང་ཐུབ་བོ།། གཞན་ཡང་ཡིག་ཐོག་གི་སྐད་ཆ་ལས་ཀྱང་དེང་རབས་ཀྱི་བརྩམས་སྒྲུང་གི་སྐད་ཆ་ལྟ་བུའི་རྩོམ་རིག་བྱེ་བྲག་པའི་སྐད་ཆ་ནི་ཡིག་སྐད་དང་ཅུང་མི་མཐུན་པ་ཡོད་ནའང་། དེ་ནི་ཡུལ་ལུང་རང་རང་གི་ཡུལ་སྐད་ལྟར་བརྩམས་པའི་རྩོམ་རིག་གི་སྐད་ཆ་དམིགས་བསལ་ཏོ།།

ཡི་གེ་ལག་ལེན་དུ་བསྟར་ཚེ། བོད་ཀྱི་བརྡ་སྤྲོད་རིག་པའི་སྤྱི་སྲོལ་གཙིགས་སུ་འཛིན་དགོས་ཤིང་། ལྷག་པར་དུ་ཚིག་འགྲུབ་བྱེད་ཀྱི་མིང་གི་བྱེད་ལས་དང་ངོ་བོ་སོ་སོར་འབྱེད་པ་དང་། ཚིག་གི་བསྟན་དོན་གསལ་བར་བྱ་ཆེད། རྣམ་དབྱེའི་ཕྲད་ཀྱི་འཇུག་ཚུལ་ཇི་བཞིན་སྦྱོར་དགོས། རྣམ་དབྱེའི་འཇུག་ཚུལ་ནི་ཡེ་གེའི་སྦྱོར་བ་ལག་ལེན་བྱེད་པའི་རྩ་བ་དང་། བརྗོད་བྱའི་དོན་གྱི་གོ་བ་མ་ནོར་བར་བརྡ་སྤྲོད་བྱེད་ཡིན་ཕྱིར། རྣམ་དབྱེའི་འཇུག་ཡུལ་ལ་རྣམ་དབྱེ་མ་སྦྱར་ན་མིང་རྣམས་ཚིག་ཏུ་བསྒྲུབ་མི་ནུས་ཤིང་། མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་ཡང་གཞན་དང་མ་འདྲེས་པར་གསལ་བར་བྱེད་མི་ཐུབ་པ་དང་། ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་ཡང་མི་ལྡན་པར་འགྱུར་བས། རྣམ་དབྱེའི་སྦྱོར་ཚུལ་ཇི་བཞིན་ངེས་པར་བྱ་རྒྱུ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དོན་གྱི་ལག་ལེན་གལ་ཆེན་ཞིག་ཡིན་ནོ།།

འདིར་སྐབས་སུ་བབས་པ་ནི། ཕྲན་གྱིས་མི་ལོ་བཅུ་ཙམ་གྱི་རིང་དབུས་གཙང་དུ་བརྙན་འཕྲིན་གྱི་ལས་ཀ་གཉེར་བའི་བརྒྱུད་རིམ་ཁྲོད་དུ་ཡིག་སྒྱུར་དང་། བརྙན་འཕྲིན་འཁྲབ་གཞུང་། བོད་ཡིག་གསར་འགྱུར་ཚགས་པར། བརྙན་འཕྲིན་གྱི་ལོ་གསར་ཤིས་ཚིག་སོགས་དངོས་བརྒྱུད་གང་རུང་གི་ལས་ཀར་འབྲེལ་བའི་བོད་ཡིག་གི་ཡིག་ངོས་སུ་བརྡ་སྤྲོད་ཀྱི་དོགས་གཞིའི་གནད་དོན་མི་ཉུང་བར་ཕྲད་པ་ལས། འདིར་ལ་དོན་འཇུག་ཡུལ་ལ་ལ་དོན་གྱི་ཕྲད་སྦྱར་མེད་པའི་དོགས་གཞིའི་དཔེར་མཚོན་ཁག་ཅིག་ལ་དམིགས་ཀྱིས་དཔྱད་པར་བྱའོ།།

དང་པོ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོགས་གཞིའི་དཔེར་བརྗོད་ལ་དཔྱད་པ།

༡ རྣམ་དབྱེ་གཉིས་པའི་བྱ་བའི་ཡུལ།

རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པ་ཙམ་སྟོན་པའི་དོན་ཅན་གྱི་རྣམ་དབྱེ་སྟེ། དེས་བྱ་བའི་ཡུལ་དང་བྱ་བ་གཉིས་མ་འདྲེས་པར་སོ་སོར་དབྱེ་ཞིང་འབྱེད་པ་དང་། བྱེད་ནུས་ནི་སྐད་ཆའི་བརྗོད་དོན་ཧྲིལ་བོའི་ནང་དུ་བྱ་བ་དང་བྱ་བའི་ཡུལ་གཉིས་སོ་སོར་དབྱེ་ཞིང་གསལ་བོར་སྟོན་པར་བྱེད་པའོ།། དེའི་བྱ་བའི་ཡུལ་ཞེས་པ་ནི་བྱ་བ་བྱེད་སའི་ཡུལ་ཁོ་ན་ཙམ་མ་ཡིན་པར་བྱ་བ་ཁ་ཕྱོགས་སའི་ཡུལ་དང་བྱ་བ་བྱེད་སའི་ཡུལ་གཉིས་ལ་བྱ་སྟེ། "ལས་སུ་བྱ་བ་ཟེར་བའི་ཡུལ་དེ་ལ་བྱ་བའི་ཁ་ཕྱོགས་སྟོན་པའི་འཇུག་ཡུལ་དང་བྱ་བ་བྱེད་སའི་གནས་ཡུལ་ཟེར་བའི་གོ་དོན་གཉིས་ཡོད་པར་མ་ཟད། ལ་དོན་གྱི་ཕྲད་སྦྱོར་སྟངས་ཀྱང་མི་འདྲ་"ཞེས་པ་ལྟར། ལས་སུ་བྱ་བའི་སྐབས་སུ་བྱ་བའི་ཡུལ་དང་བྱ་བའི་ལས་གཉིས་ཀྱི་ཁྱད་པར་གསལ་པོར་མ་ཕྱེ་བར་བྱ་བའི་ཡུལ་ལམ་ལས་ཞེས་ངོ་བོ་གཅིག་ཏུ་བསྲེས་ན། གང་འདྲ་ཞིག་ལ་ལ་དོན་གྱི་སྒྲ་སྦྱོར་དགོས་པ་དང་། གང་འདྲ་ཞིག་ལ་ལ་དོན་གྱི་སྒྲ་སྦྱོར་མི་དགོས་པའི་དབྱེ་བ་འབྱེད་མི་ནུས་སོ།།

དོན་གྱིས་ལ་དོན་གྱི་ཕྲད་མ་སྦྱར་ན། བྱ་བའི་ཡུལ་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་འདྲེས་ཏེ་སོ་སོར་འབྱེད་བྱེད་ཀྱི་ནུས་པ་ཉམས་འགྲོ་བར་མ་ཟད། སྐད་ཆའི་གནས་སྐབས་ཀྱི་བརྗོད་དོན་ཡང་མི་གསལ་བར་འགྱུར་ཏེ། དཔེར་ན། སློབ་ཚན་ཉན། བརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་སོགས་ལྟ་བུ་ལ་ཡུལ་དང་བྱ་བ་གཉིས་སོ་སོར་མ་ཕྱེ་བའི་སྐྱོན་འདུག་སྟེ། དཔེར་བརྗོད་དེ་དག་ལས། སློབ་ཚན་དང་། བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་སྤྱིའི་ཆ་ནས་བྱ་བའི་ཡུལ་ཡིན་པ་དང་། ཉན་དང་། བལྟས། གཙོ་སྐྱོང་གནང་། འཕྲད། སྒུག་བཅས་ནི་བྱ་བ་སྟོན་པའི་མིང་ངམ་བྱ་ཚིག་ཡིན་ཕྱིར། བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་འབྱེད་ཆེད། སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས། ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ཅེས་ལ་དོན་གྱི་ཕྲད་ངེས་པར་དུ་སྦྱོར་དགོས། ལ་དོན་གྱི་ཕྲད་མ་སྦྱར་བའི་སློབ་ཚན་ཉན་སོགས་ལྟ་བུའི་བརྗོད་སྟངས་དེ་སུམ་ཅུ་བའི་སྐབས་སུ་བཤད་པའི་བྱ་བ་འཇུག་པའི་ཡུལ་ལམ་བྱ་བ་ཁ་གཏད་སའི་ཡུལ་ལ་ལ་དོན་མ་སྦྱར་བའི་སྐྱོན་དང་། རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་དང་བྱ་བའི་ལས་གཉིས་འཁྲུལ་བའི་སྐྱོན་དུ་སྣང་སྟེ། བོད་ཀྱི་བརྡ་སྤྲོད་དུ་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པ་སྟོན་པའི་དོན་ཅན་ཞིག་ཡིན་ན་དེ་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་པ་ཡིན་ནོ།།

༢ དོགས་གཞིའི་དཔེར་བརྗོད་ཀྱི་གྲུབ་ཚུལ་དབྱེ་ཞིབ།

ལ་དོན་གྱི་ཕྲད་སྦྱར་མེད་པའི་གོང་གི་དཔེར་བརྗོད་དེ་དག་གི་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ན། ཚང་མ་མིང་དུ་མ་འདུས་པ་ལས་གྲུབ་པའི་ཚིག་ཡིན་པས་ཚིག་གི་གྲུབ་ཚུལ་གྱི་ཆ་ནས་བརྟག་དགོས། རྗོད་བྱེད་སྒྲའི་གོ་དོན་གསར་དུ་བརྟག་པ་ཞེས་བྱ་བར་ཚིག་བྱེ་བྲག་པ་རྣམས་སོ་སོའི་གྲུབ་ཚུལ་གྱི་ཆ་ནས་དབྱེ་ན་མིང་དུ་མ་འདུས་ནས་གྲུབ་པ་དང་། མིང་དང་ཕྲད་དུ་མ་འདུས་ནས་གྲུབ་པ། གནས་སྐབས་དབང་གིས་མིང་གཅིག་ལས་མེད་ཀྱང་ཚིག་ཏུ་གྲུབ་པ་བཅས་ཡོད་ཅེས་བསྟན་པ་ལྟར།  གོང་གི་དཔེར་བརྗོད་དེ་དག་ནི་མིང་དུ་མ་འདུས་ནས་གྲུབ་པའི་ཚིག་ཡིན་ཏེ། དེ་དག་སོ་སོར་ཕྲལ་ཏེ་དབྱེ་ན་སློབ་ཚན་དང་། བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་མིང་གི་རིགས་ལས་རིགས་ཀྱི་མིང་དུ་གཏོགས་པ་དང་། ཉན་དང་། བལྟས། གཙོ་སྐྱོང་གནང་། འཕྲད། སྒུག་བཅས་ནི་བྱ་བའི་མིང་རེད། དེས་ན་རིགས་ཀྱི་མིང་དང་བྱ་བའི་མིང་འདུས་པ་ཡིན་ན་དེར་ལ་དོན་སྦྱོར་དགོས་སམ་ཞེ་ན། དེ་ལ་ཡང་ལ་དོན་འཇུག་པ་དང་མི་འཇུག་པའི་རིགས་གཉིས་ཡོད་དེ། གོང་གི་དཔེར་བརྗོད་དེ་རྣམས་ནི་ལ་དོན་འཇུག་པའི་རིགས་དང་། ཟ་མ་ཟ། གཉིད་ཉལ། ཇ་འཐུང་། སེམས་སྐྱོ་སོགས་ལྟ་བུའི་ཟ་མ་དང། གཉིད། ཇ། སེམས་བཅས་ནི་རིགས་ཀྱི་མིང་ཡིན་པ་དང་། ཟ་དང་ཉལ། འཐུང་། སྐྱོ་བཅས་ནི་བྱ་བའི་མིང་ཡིན་ཡང་དེ་དག་ནི་ལ་དོན་མི་འཇུག་པའི་རིགས་ཡིན་པས་ལ་དོན་སྦྱོར་སྲོལ་མེད་དོ།།

ལས་སུ་བྱ་བའི་ཡུལ་དང་བྱ་བའི་ཆ་ནས་བརྟག་ཚེ། སློབ་ཚན་ཉན་དང་།བརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་ལྟ་བུའི་དཔེར་བརྗོད་དེ་དག་ལ་ལ་དོན་གྱི་ཕྲད་སྦྱར་དང་མ་སྦྱར་གང་ཡང་རུང་སྟེ། དེ་གཉིས་ལ་དོན་སྟོན་པར་ཁྱད་པར་མེད་དོ་སྙམ་པ་ནི། སྐད་ཆ་གོམས་པའི་དབང་དུ་སོང་བས་དེ་ལྟར་གོ་བར་སྣང་བ་ཙམ་ལས། ཡི་གེར་འགོད་སྐབས་ངེས་པར་དུ་ལ་དོན་གྱི་ཕྲད་སྦྱོར་དགོས། རྒྱུ་མཚན་ནི། སྤྱིར་སྐད་ཆར་གོམས་པའི་དབང་གིས་གོ་བ་དང་། བརྡ་སྤྲོད་ཀྱི་དབང་གིས་གོ་བ་གཉིས་ཡོད་ནའང་། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས། ཡིག་གེར་འགོད་སྐབས་བརྡ་སྤྲོད་ཀྱི་དབང་གིས་གོ་བ་ལྟར་འབྲི་དགོས་པ་ལས། ཁ་སྐད་ཀྱི་གོམས་པའི་དབང་གིས་གོ་བ་ལྟར་འབྲི་མི་རུང་སྟེ། བསྟན་པ་རྒྱ་མཚོས་མཛད་པའི་སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་ཞེས་པ་ལས། སྤྱིར་མི་རྣམས་ཀྱིས་བཤད་པའི་སྐད་ཆའི་ཚིག་སྦྱོར་ནི་སོ་སོའི་འདོད་མོས་ལྟར་སྣ་ཚོགས་ཡིན་པས། མཐའ་གཅིག་ཏུ་ལས་དང་ཡུལ་བྱ་བ་བྱེད་པའི་སྒྲ་ཐམས་ཅད་ཚང་ཡོད་པའི་ངེས་པ་མེད་མོད། མ་ཚང་རུང་དོན་སྟོན་ཐུབ་པ་བྱུང་བ་ནི་གོམས་པའི་སྐད་ཆའི་ནུས་པ་ཡིན་ཏེ། དེ་ནི་དུས་དང་སྐབས་དང་རྐྱེན་སོགས་ཀྱི་དབང་གིས་ཡིན་པ་ལས་བརྡ་སྤྲོད་པའི་ཚིག་གི་སྦྱོར་བའི་དབང་གིས་མ་ཡིན། བརྡ་སྤྲོད་པའི་ཚིག་སྦྱོར་ལ་དོན་གང་འདྲ་ཞིག་སྟོན་དགོས་ན་ཚིག་སྦྱོར་རང་གི་སྟེང་ནས་དངོས་ཤུགས་ཅི་རིགས་ནས་དེ་དག་མཚོན་བྱེད་ཀྱི་ཆ་རེ་རེ་ཡོད་དགོས། དེར་མ་ཟད་རྣམ་དབྱེ་དང་ཚིག་ཕྲད་ཅུང་ཟད་ནོར་ན་དོན་ཡང་དེ་ལྟར་ནོར་ཡོད་པ་ནི་གནད་འདི་ལ་ཐུག་པ་ཡིན་ཞེས་གསུངས་པ་ལྟར། ལ་དོན་འཇུག་སའི་ཡུལ་ལ་ལ་དོན་གྱི་ཕྲད་མ་སྦྱར་ན་དོན་ལ་འཁྲུལ་བ་འབྱུང་སྟེ།   སློབ་ཚན་ཉནབརྙན་འཕྲིན་བལྟས། ཚོགས་འདུ་གཙོ་སྐྱོང་གནང་། ངལ་བ་འཕྲད། སྐུ་ཉིད་སྒུག་བཅས་ལ་ལ་དོན་གྱི་ཕྲད་མ་སྦྱར་ན།  སློབ་ཚན་དང་། བརྙན་འཕྲིན། ཚོགས་འདུ། ངལ་བ། སྐུ་ཉིད་བཅས་ནི་ཉན་པ་དང་། བལྟས་པ། གཙོ་སྐྱོང་གནང་བ། འཕྲད་པ། སྒུག་པ་བཅས་ཀྱི་བྱ་བ་འཇུག་སའི་ཡུལ་ལམ་ཁ་གཏད་སའི་ཡུལ་དུ་མི་འགྱུར་བའམ་ཉན་སོགས་ཀྱི་བྱ་བ་དེ་དག་གང་ལ་བྱས་པར་གོ་མི་ཐུབ་སྟེ། སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་ཞེས་པ་ལས། ལས་སུ་བྱ་བ་ཟེར་བའང་ཕལ་ཆེར་ཁ་སྐད་ལ་ལས་རྒྱུའི་བྱ་བ་ཟེར་བ་དང་འདྲ། དེ་འདྲའི་དོན་ཅན་གྱི་ལ་དོན་རྣམས་ལ་ལས་སུ་བྱ་བའི་རྣམ་དབྱེ་ཟེར། དེ་ཡང་འདི་ལྟར་ཡིན་ཏེ། མི་ཞིག་གིས་བྱ་བ་ཞིག་བྱེད་པའི་ཚེ། ཡུལ་དང་ཕྱོགས་དང་གཞི་དང་དངོས་པོ་སོགས་གང་ལ་བྱེད་དགོས་ན་དེ་དག་གོ་ཆེད་དེ་ལ་ལ་དོན་ཞིག་སྦྱར་དགོས་པ་རེད་ཅེས་པ་ལྟར། དེ་དག་རེ་རེ་ལ་རྣམ་དབྱེའི་ཕྲད་མ་སྦྱར་ན་བྱ་བ་གང་ལ་བྱས་པར་གོ་མི་ཐུབ་བོ།།

༣ བྱ་བའི་ཡུལ་དང་ལས་ཀྱི་བར་དུ་ལ་དོན་གྱི་ཕྲད་འཇུག་ཚུལ།

སྐབས་འདིའི་བསྒྲུབ་བྱ་གཙོ་བོ་ནི། རིགས་ཀྱི་མིང་དང་བྱ་བའི་མིང་འདུས་པའི་ཚིག་དེ་དག་ལས་གང་འདྲ་ཞིག་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་པ་དང་། གང་འདྲ་ཞིག་ལ་སྦྱོར་མི་དགོས་པའི་ཁྱད་པར་འབྱེད་རྒྱུ་དེ་རེད། གོང་གི་དཔེར་བརྗོད་རིགས་དེ་གཉིས་ཚང་མ་རིགས་ཀྱི་མིང་དང་བྱ་བའི་མིང་ལས་གྲུབ་པའི་ཚིག་ཡིན་པ་འདྲ་ན་ཡང་། ལ་དོན་གྱི་ཕྲད་འཇུག་དང་མི་འཇུག་པའི་ཁྱད་པར་ཅི་ལྟར་བྱུང་བ་རེད་ཅེ་ན། དཔེར་བརྗོད་གོང་མའི་སློབ་ཚན་སོགས་དང་། དཔེར་བརྗོད་འོག་མའི་ཟ་མ་སོགས་ལྟ་བུའི་རིགས་ཀྱི་མིང་དེ་དག་ལས་གོང་མ་རྣམས་ནི་བྱ་བའི་ཡུལ་ལམ་བྱ་བ་ཁ་གཏད་སའི་ཡུལ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་དགོས་པ་དང་། འོག་མ་རྣམས་ནི་བྱ་བའི་ལས་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་མི་དགོས་པའི་ཁྱད་པར་རོ།། བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་ཞེས་བྱ་བར། བྱ་བའི་ཡུལ་ནི་བྱ་བའི་ཁ་གཏད་སའི་གཞི་དེ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་དགོས་ཤིང་། བྱ་བའི་ལས་ནི་བྱ་རྒྱུའི་ལས་ཀའམ་བྱ་བ་དང་འབྲེལ་བའི་དངོས་པོ་དེ་ཡིན་པས་ལ་དོན་གྱི་སྒྲ་སྦྱོར་མི་རུང་། དཔེར་ན། བློ་མཐུན་ལེ་ཧླུང་ལ་སློབ་སྦྱོང་བྱེད་དགོས། ཚན་རིག་སློབ་སྦྱོང་བྱེད་དགོས་ཞེས་པའི་ཚིག་གཉིས་ཀའི་བྱ་ཚིག་སློབ་སྦྱོང་བྱེད་ཅེས་པ་དེ་ཡིན་ཡང་། ཚིག་སྔ་མའི་ལེ་ཧླུང་ནི་བྱ་བ་འཇུག་ཡུལ་ཡིན་པས་ལ་དོན་ཐོབ་ཐང་ཡོད། ཚིག་ཕྱི་མའི་ཚན་རིག་ནི་སློབ་སྦྱོང་བྱ་རྒྱུའི་ལས་དེ་ཡིན་པས་ལ་དོན་ཐོབ་ཐང་གཏན་ནས་མེད་ཅེས་པའི་ཁ་གསལ་བའི་འགྲེལ་བཤད་དེ་དང་རིགས་བསྒྲེས་ན་ལོག་རྟོག་གི་ཐེ་ཚོམ་སེལ་ཐུབ་བོ།།

རྣམ་དབྱེ་གཉིས་པའི་སྐབས་སུ་ལ་དོན་གྱི་སྒྲས་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པའི་དོན་སྟོན་པ་ཡིན་པས། བྱ་བའི་ཡུལ་དང་བྱ་བའི་སྟེང་གི་ཕྲ་ཞིབ་ཀྱི་དོན་ལ་གོ་བ་ལེན་པ་གལ་ཆེ་སྟེ། དེ་གཉིས་ལ་གོ་བ་ཡག་པོ་ཞིག་ལོན་ན་ལ་དོན་སྦྱོར་བའི་ཡུལ་དང་མི་སྦྱོར་བའི་ཡུལ་གྱི་ཁྱད་པར་ཡང་ཤེས་སླ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་སུ། ཡུལ་དང་བྱ་བའི་བར་གྱི་ཁྱད་ཆོས་དེ་དག་འདོམས་བདེ་ཕྱིར། ལ་དོན་སྦྱོར་བའི་ཡུལ་དང་། ལ་དོན་མི་སྦྱོར་བའི་ཡུལ་གཉིས་སུ་ཕྱེ་ཞིང་། ལ་དོན་སྦྱོར་བའི་ཡུལ་ལ། ཡུལ་དང་བྱ་བ་འབྲེལ་བ་ལྷོད་པའི་རིགས་དང་། ལ་དོན་མི་སྦྱོར་བའི་ཡུལ་ལ། ཡུལ་དང་བྱ་བ་འབྲེལ་བ་དམ་པའི་རིགས་ཞེས་ཀྱང་བྱ་ཞེས་པ་ལྟར། ཡུལ་དང་བྱ་བ་འབྲེལ་བ་ལྷོད་པའི་རིགས་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་ཏེ། དཔེར་ན། གཟུགས་ལ་བལྟ། སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས། ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ལྟ་བུ། ཡུལ་དང་བྱ་བ་འབྲེལ་བ་དམ་པའི་རིགས་ལ་ལ་དོན་གྱི་ཕྲད་སྦྱོར་མི་དགོས་ཏེ། དཔེར་ན། ཟ་མ་ཟ། གཉིད་ཉལ། ཇ་འཐུང་། སེམས་སྐྱོ་ལྟ་བུའོ།།

༤ བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར།

བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར་མ་འདྲེས་པར་ཕྱེ་ན། ལ་དོན་སྦྱོར་དགོས་མིན་ངེས་སླ་བས། ཐོག་མར་གང་ཞིག་ནི་བྱ་བའི་ཡུལ་དང་གང་ཞིག་ནི་བྱ་བའི་ལས་ཡིན་པར་ངོས་འཛིན་བྱ་དགོས། བྱ་བའི་ཡུལ་ཞེས་པ་ནི་བྱ་བ་འཇུག་པའི་ཡུལ་ཡིན་པས། དེ་ལ་སུམ་ཅུ་པའི་སྐབས་ཀྱི་ལ་དོན་གྱི་རྣམ་དབྱེ་གཉིས་པ་འཇུག་པའི་བྱ་ཡུལ་དང་། རྟགས་འཇུག་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་གཉིས་ཡོད་དེ། བརྙན་འཕྲིན་ལ་བལྟས་ལྟ་བུའི་བརྙན་འཕྲིན་ནི་རྣམ་དབྱེ་གཉིས་པའི་ལ་དོན་གྱི་ཕྲད་སྦྱར་སའི་ཡུལ་དང་ལྟ་བའི་བྱ་བ་འབྱུང་སའི་ཡུལ་ཡིན་པས་དེ་ལ་བྱ་ཡུལ་ཞེས་བྱ་ཞིང་། ཟ་མ་ཟས་ལྟ་བུའི་ཟ་མ་ནི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ལམ་བྱ་བའི་ལྟོས་གཞིའམ་ལས་ཡིན་པས་བདག་གཞན་གཉིས་ལས་གཞན་ཏུ་གཏོགས། ལ་དོན་གྱི་བྱ་བ་འཇུག་པའི་བྱ་ཡུལ་དང་། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་གཉིས་ལ་མུ་བཞི་བརྩི་རྒྱུ་ཡོད་དེ། དང་པོ་ལ་དོན་གྱི་བྱ་བ་འཇུག་པའི་བྱ་ཡུལ་ཡིན་ལ་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་བྱ་ཡུལ་མ་ཡིན་པའི་མུ་ནི། གདན་ལ་བཞུགས་ལྟ་བུ་སྟེ། གདན་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ཏེ། ལ་དོན་གྱི་སྦྱོར་ཡུལ་དང་བཞུགས་པའི་བྱ་བ་འབྱུང་སའི་ཡུལ་ཡིན་པའི་ཕྱིར། གདན་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ཏེ། བཞུགས་བྱ་དངོས་མ་ཡིན་པའི་ཕྱིར། གཉིས་པ་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ལ་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་པའི་མུ་ནི། ཟ་མ་ཟས་ལྟ་བུ་སྟེ། ཟ་མ་ནི་བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ཏེ། བཟའ་བྱ་ཡིན་པའི་ཕྱིར་དང་། ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ཏེ། ལ་དོན་གྱི་ཕྲད་མི་འཇུག་པའི་ཕྱིར། གསུམ་པ་གཉིས་ཀ་ཡིན་པའི་མུ་ནི། གཟུགས་ལ་བལྟ་ལྟ་བུ་སྟེ། གཟུགས་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་ཡིན་ལ། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡང་ཡིན་ཏེ། གཟུགས་ནི་ལ་དོན་གྱི་ཕྲད་སྦྱོར་ཡུལ་ཡིན་པར་མ་ཟད། བལྟ་བྱ་དངོས་ཀྱང་ཡིན་པའི་ཕྱིར། བཞི་པ་གཉིས་ཀ་མ་ཡིན་པའི་མུ་ནི། ངས་ཡི་གེ་བྲིས་ཞེས་པའི་སྐབས་ཀྱི་འབྲི་བ་བོ་ང་ནི་ལ་དོན་གྱི་བྱ་བ་འཇུག་པའི་ཡུལ་མ་ཡིན་ལ། བྱ་བྱེད་ལས་གསུམ་གྱི་བྱ་བ་འཇུག་པའི་ཡུལ་ཡང་མ་ཡིན་ཏེ། ང་ནི་སྐབས་འདིའི་ལ་དོན་འཇུག་ཡུལ་དང་བྱ་བ་འཇུག་པའི་ཡུལ་གཉིས་ཀ་མ་ཡིན་པའི་ཕྱིར།

༥ བྱ་བའི་ཡུལ་དང་ལས་ལ་ལ་དོན་གྱི་ཕྲད་སྦྱོར་བདེ་མིན་གྱི་ཁྱད་པར།

ལ་དོན་འཇུག་མིན་གྱི་གནད་དོན་དེ། ད་དུང་དེ་ལས་ཀྱང་གསལ་པོར་བརྗོད་ན། བྱ་བའི་ཡུལ་དང་ལས་གཉིས་ཀྱི་འཁྲུལ་བ་སེལ་བའི་ཆེད་དུ་ལ་དོན་གྱི་ཕྲད་སྦྱར་ན་བརྗོད་བདེ་མིན་གྱི་ཐད་ནས་ཡང་དབྱེ་བ་འབྱེད་ཐུབ། བྱ་བའི་ལས་ལ་ལ་དོན་གྱི་ཕྲད་མི་འཇུག་ཅིང་སྦྱར་ཡང་བརྗོད་མི་བདེ་བའི་རིགས་ནི་ལས་ཡིན་ཏེ། བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་ལས། ལ་དོན་གྱི་ཕྲད་སྦྱོར་མི་བདེ་བའི་རིགས་ལ། སྐབས་འགར་བྱ་བའི་ཡུལ་དང་ལས་གཉིས་ལྟར་སྣང་དུ་ངོ་བོ་གཅིག་ཏུ་མཐོང་ཡང་དོན་དུ་ལས་ཉིད་ཡིན། དཔེར་ན། ཤ་ཟ། སྟ་རེས་ཤིང་གཅོད་ཟེར་བ་ལས། ཤ་ལ་ཟ། ཤིང་ལ་གཅོད་མི་ཟེར། གང་ལགས་ཤེ་ན། ཤ་དང་ཤིང་ནི་བཟའ་བྱ་དང་གཅད་བྱ་ཡིན་པས་ལས་ལས་འདའ་མི་སྲིད། དེ་བཞིན་ཤ་ལ་སོ་བརྒྱབ། ཤིང་ལ་སྟ་རེ་བསྣུན་ཟེར་ན་ཤོད་རྒྱུན་གྱི་གྲགས་པ་དང་མི་མཐུན་པ་མ་ཡིན་གྱི། ཚིག་སྦྱོར་ཚུལ་འདིའི་ཤ་དང་ཤིང་ནི་སོ་རྒྱབ་སའི་ཡུལ་དང་སྟ་རེ་བསྣུན་སའི་ཡུལ་ཡིན་པས་ངེས་པར་དུ་ལ་སྒྲ་སྦྱོར་དགོས་ ཞེས་པ་ལྟར་ལ་དོན་སྦྱོར་བདེ་མིན་གྱིས་ཀྱང་བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར་འབྱེད་ཐུབ།

གོང་གི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ལས་ལ་དོན་གྱི་ཕྲད་འཇུག་མིན་གྱི་ཁྱད་པར་འབྱེད་བྱེད་གཙོ་བོ་ནི། བྱ་བའི་ཡུལ་དང་ལས་གཉིས་རེད། བྱ་བའི་ཡུལ་དང་ལས་གཉིས་ཀྱི་ཁྱད་པར་འབྱེད་ཐབས་ལ། བྱ་བའི་ཡུལ་དང་ལས་གཉིས་སོ་སོར་ཕྱེ་ནས་ཁྱད་པར་འབྱེད་པ་ལས་གཞན། ལ་དོན་གྱི་ཕྲད་སྦྱར་ན་བརྗོད་བདེ་མིན་གྱིས་ཀྱང་ཁྱད་པར་འབྱེད་ཐུབ་སྟེ། དཔེར་ན། ཟ་མ་ལ་ཟ་དང་། གཉིད་ལ་ཉལ། ཇ་ལ་འཐུང་། སེམས་ལ་སྐྱོ་ཞེས་བརྗོད་མི་བདེ་བའི་རིགས་ནི་ལས་ཡིན་པ་དང་།  སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས། ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་ཅེས་བརྗོད་བདེ་བའི་རིགས་ནི་ལ་དོན་འཇུག་པའི་བྱ་བའི་ཡུལ་ཡིན་ནོ།།

༦ ལས་ལ་བྱ་ཚིག་གིཤུགས་རྐྱེན་ཐེབས་མིན་གྱི་ཁྱད་པར།

བྱ་བྱེད་ལས་གསུམ་གྱི་ལས་ལ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་སུ་བྱ་བའི་ལྟོས་གཞི་ཞེས་གསུངས་ཡོད་དེ། ལྟོས་གཞི་ཞེས་པ་ནི། བྱ་བྱེད་ལས་གསུམ་ལྡན་གྱི་བྱེད་པས་བྱ་བ་བྱེད་པ་དེ་ལ་ལྟོས་དགོས་ཤིང་། གཞི་དེ་མེད་ན་བྱ་བ་མི་སྐྱེ་བའི་ཆ་ནས་དེ་ལྟར་བཏགས་པ་ཡིན་ཞེས་བཞེད་པ་ལྟར། ལས་སམ་ལྟོས་གཞིའི་ངོས་ནས་བརྟག་ན། བྱ་ཚིག་གིས་ཤུགས་རྐྱེན་ཐེབས་པའི་རིགས་དང་མི་ཐེབས་པའི་རིགས་གཉིས་ཡོད་དེ། དེའི་དཔེར་བརྗོད་ལས། ཤིང་གཅོད། ཤ་ཟ། ཡི་གེ་འབྲི་ལྟ་བུའི་བྱ་ཚིག་གཅོད་དང་ཟ། འབྲི་ཡིས་ལས་སམ་ལྟོས་གཞི་ཤིང་དང་ཤ་ཡི་གེ་བཅས་ལ་ཤུགས་རྐྱེན་ཐེབས་ཐུབ་པ་སྟེ། ཤིང་བཅད་ནས་ཆད་པ་དང་། ཤ་ཟས་ན་ཚར་འགྲོ་བ། ཡི་གེ་བྲིས་ན་གཟུགས་འབྱུང་བའི་ཆ་ནས་ཤུགས་རྐྱེན་ཐེབས་པའི་རིགས་ལ་གཏོགས་ཤིང་། གཟུགས་ལ་ལྟ། སྒྲ་ལ་ཉན། དོན་ལ་བསམ་ལྟ་བུའི་བྱ་ཚིག་ལྟ་དང་ཉན་བསམ་བཅས་ཀྱིས་ལས་སམ་ལྟོས་གཞི་གཟུགས་དང་སྒྲ་དོན་བཅས་ལ་ཤུགས་རྐྱེན་མི་ཐེབས་ཏེ། ལྟ་བ་དང་ཉན་པ་བསམ་པའི་བྱ་བས་ལྟོས་གཞི་གཟུགས་དང་སྒྲ་དོན་ལ་ཕན་གནོད་གང་ཡང་འབྱུང་མི་སྲིད་པས་ཤུགས་རྐྱེན་མི་ཐེབས་པའི་རིགས་སུ་གཏོགས་པ་ཡིན། གོང་དུ་བསྒྲུབས་ཟིན་པའི་དཔེར་བརྗོད་དེ། སློབ་ཚན་ལ་ཉན། བརྙན་འཕྲིན་ལ་བལྟས། ཚོགས་འདུར་གཙོ་སྐྱོང་གནང་། ངལ་བར་འཕྲད། སྐུ་ཉིད་ལ་སྒུག་སོགས་ཀྱང་ཤུགས་རྐྱེན་མི་ཐེབས་པའི་རིགས་སུ་གཏོགས་པས། ལ་དོན་གྱི་ཕྲད་འཇུག་སྟེ། དེ་ཡང་བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས་ལས། བྱ་བའི་ཤུགས་རྐྱེན་ཐེབས་མི་ཐེབས་ཀྱི་ལྟོས་གཞི་གཉིས་སོ་སོར་འབྱེད་དགོས་པའི་རྒྱུ་མཚན་ནི། བྱ་བའི་ཤུགས་རྐྱེན་ཐེབས་པའི་ལྟོས་གཞི་དང་བྱ་ཚིག་བར་ལ་ལ་དོན་གྱི་རྣམ་དབྱེ་མི་ཐོབ་ཅིང་། བྱ་བའི་ཤུགས་རྐྱེན་མི་ཐེབས་པའི་ལྟོས་གཞི་དང་བྱ་ཚིག་བར་ལ་ལ་དོན་གྱི་རྣམ་དབྱེ་འཇོག་དགོས་པའི་ཁྱད་པར་འབྱེད་ཆེད་ཡིན་ཞེས་གསུངས་ཡོད།

གཉིས་པ།  དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད་ལ་དཔྱད་པ།

༡ དེ་ཉིད་ཀྱི་ངོ་བོ་དང་ཁྱད་ཆོས།

དེ་ཉིད་ཅེས་པ་ནི། ཐོན་མིའི་ཞལ་ལུང་དུ། ལས་དང་བྱ་བ་སོ་སོར་ཕྱེ་ནས་འདིའོ་ཞེས་ཀྱང་སྟོན་རྒྱུ་མེད་པའི་བྱ་ཚིག་ལ་དོན་ཅན་གྱི་རིགས་ལ་དེ་ཉིད་ཅེས་བཏགས་པ་ཡིན་(11)ཞེས་འབྱུང་ཞིང་། བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས་ལས། དངོས་པོའི་རང་བཞིན་དང་ཁྱད་ཆོས། བྱ་བའི་ཁྱད་པར་སོགས་སྟོན་པའི་རྗོད་བྱེད་ལ། རང་བཞིན་དང་ཁྱད་ཆོས། ཁྱད་པར་སྟོན་པའི་ཚིག་སྦྱོར་བྱུང་བ་ཡིན་ལ། ཚིག་སྦྱོར་དེ་རིགས་ལ་གོམས་གཤིས་སུ་དེ་ཉིད་ཟེར་(12) ཞེས་པ་ལྟར། དེ་ཉིད་ཀྱི་ཕྲད་ཀྱིས་ལས་དང་བྱ་བ་སོ་སོར་ཕྱེ་ནས་མི་སྟོན་པར་དེ་གཉིས་ངོ་བོ་གཅིག་ཏུ་སྟོན་པར་བྱེད་དེ། དཔེར་ན། བོད་ཡིག་ཏུ་བསྒྱུར། ཇེ་གསལ་དུ་བཏང་། ཡི་གེར་བྲིས་ལྟ་བུའི་བྱ་བྱེད་ཐ་དད་པའི་རིགས་དང་། ཤིན་ཏུ་སྐྱིད། དགའ་བར་གྱུར། རབ་ཏུ་གསལ་སོགས་ལྟ་བུའི་བྱ་བྱེད་ཐ་མི་དད་པའི་རིགས་གང་ཡིན་ཡང་བྱ་ལས་སོ་སོར་མི་ཕྱེ་བར་ངོ་བོ་གཅིག་ཏུ་སྟོན་པ་ནི་དེ་ཉིད་ཀྱི་ངོ་བོ་དང་བྱེད་ལས་ཡིན།

༢ དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད།

དེ་ཉིད་ཀྱི་དོགས་གཞིའི་དཔེར་བརྗོད་ལ། དགྱེས་གཟིགས་ཡོད་པ་ཞུ། དམར་པོ་ཆགས། མེད་པ་བཟོས། སྤྲོ་པོ་ཡོང་བ་ཤོག་ལྟ་བུ།

༣ དོགས་གཞིའི་དཔེར་བརྗོད་ཀྱི་གྲུབ་ཚུལ་དབྱེ་ཞིབ།

ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་གྲུབ་པས་ན། མིང་ནི་ཚིག་འགྲུབ་བྱེད་ཀྱི་རྒྱུ་ཡིན་ཕྱིར། དོགས་གཞིའི་དཔེར་བརྗོད་དེ་དག་ཀྱང་མིང་དུ་མ་འདུས་པ་ལས་གྲུབ་པའི་ཚིག་ཡིན་ཏེ། དགྱེས་གཟིགས་ཡོད་པ་ཞུ་དང་། དམར་པོ་ཆགས། མེད་པ་བཟོས། སྤྲོ་པོ་ཡོང་བ་ཤོག་ཅེས་རེ་རེ་ནས་ཚིག་ཏུ་གྲུབ་ཡོད་ན་ཡང་། ཚིག་རེ་རེའི་མཇུག་གི་བྱ་ཚིག་ཞུ་དང་ཆགས་བཟོས་ཤོག་བཅས་འཇུག་སའི་ལས་དགྱེས་གཟིགས་ཡོད་པ་དང་། དམར་པོ། མེད་པ། སྤྲོ་པོ་ཡོང་བ་བཅས་ཀྱི་བར་དུ་ལ་དོན་གྱི་ཕྲད་མ་སྦྱར་བས། དེ་དག་ཚིག་ཏུ་འགྲུབ་བྱེད་ཀྱི་རྐྱེན་མི་ཚང་བའམ་ཚིག་ཏུ་བསྒྲུབ་མི་ནུས་པ་སྟེ། བྱ་ཚིག་ཞུ་དང་། ཆགས། བཟོས། ཤོག་རྣམས་འཇུག་ཡུལ་ཡོད་པ་དང་། དམར་པོ། མེད་པ། སྤྲོ་པོ་རྣམས་ཚིག་སྔ་ཕྱི་དང་འབྲེལ་བ་མེད་པ་ལྟ་བུར་ཆགས་ཡོད་པ་ནི་ལ་དོན་གྱི་ཕྲད་མ་སྦྱར་བའི་སྐྱོན་ཡིན་པ་རྟོགས་པར་ནུས་སོ།།

བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་སུ། དེ་ཉིད་ནི་ལ་དོན་གྱི་ཕྲད་སྦྱར་ས་དེ་ཉིད་ཀྱི་ངོ་བོར་གྲུབ་པའམ་སྦྱར་ས་དེ་ཉིད་ཀྱི་ངོ་བོ་ཉིད་དུ་གྲུབ་པར་སྟོན་པ་ཞིག་དགོས་ཏེ། དཔེར་ན། གསལ་དུ་བཏང་ལྟ་བུའི་ཚིག་ཕྲད་སྦྱར་སའི་གསལ་བ་དེའི་ངོ་བོར་བཏང་བའམ་གསལ་བ་དེའི་ངོ་བོ་ཇེ་གསལ་དུ་བཏང་བའི་དོན་ཡིན་གྱི། གཡས་སུ་ཉལ་ལྟ་བུའི་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་ཡོད་པ་ལྟ་བུ་ཞིག་མ་ཡིན་ལ། ཚིག་ཕྲད་དུ་ཡིག་མེད་ན་གསལ་བཏང་ཞེས་བརྗོད་ཚེ་གསལ་བ་གཞན་དུ་བཏང་བ་ལྟ་བུ་ཞིག་ལས་གོ་རྒྱུ་མེད་པར་འགྱུར་རོ་(13) ཞེས་པ་གསུངས་པ་ལྟར།  དགྱེས་གཟིགས་ཡོད་པ་ཞུ་དང་། དམར་པོ་ཆགས། མེད་པ་བཟོས། སྤྲོ་པོ་ཡོང་བ་ཤོག་ཅེས་པར་ལ་དོན་གྱི་ཕྲད་མ་སྦྱར་ན། ཡོད་པ་ཞུ་ཞེས་པའི་ཞུ་དེ་ཡོད་པའི་ངོ་བོར་མི་འགྱུར་བར་གཞན་ཞིག་ཞུ་བ་བྱེད་པ་ལྟ་བུར་འགྱུར་བ་དང་། དམར་པོ་ཆགས་ཅེས་པའི་ཆགས་དམར་པོའི་རང་བཞིན་དུ་མི་འགྱུར་བར་གཞན་ཞིག་ཏུ་ཆགས་པར་འགྱུར་བ། མེད་པ་བཟོས་ཞེས་པའི་བཟོས་མེད་པར་བཏང་བའམ་མེད་པར་བཟོས་པར་མི་གོ་བར་གཞན་ཞིག་བཟོས་པ་ལྟ་བུར་འགྱུར་བ། སྤྲོ་པོ་ཡོང་བ་ཤོག་ཅེས་པའི་སྨོན་པའི་དོན་སྟོན་པའི་ཤོག་ཅེས་པ་སྤྲོ་པོ་ཡོང་བར་སྨོན་པའི་དོན་ཅན་དུ་མི་འགྱུར་བར་དེ་དང་འབྲེལ་མེད་དུ་འགྱུར་བ་ནི་ལ་དོན་གྱི་ཕྲད་མ་སྦྱར་བའི་སྐྱོན་ནོ།།

དོགས་གཞིའི་དཔེར་བརྗོད་དེ་དག་ལ་དབྱེ་ཞིབ་བྱས་པ་ལས། དེ་ཉིད་ཀྱི་སྐབས་སུ་ལ་དོན་གྱི་ཕྲད་སྦྱོར་དགོས་ཚུལ་བརྡ་སྤྲོད་ཀྱི་གཞུང་དུ་བསྟན་པའི་དགོས་པ་དང་། ལ་དོན་གྱི་ཕྲད་ཀྱིས་ཚིག་ཏུ་སྒྲུབ་པ་དང་ཚིག་སྔ་ཕྱི་སྦྲེལ་བའི་ནུས་པ་ཐོན་གྱི་ཡོད་པ་དེ་ཡི་གེའི་ལག་ལེན་དུ་བསྟར་ཚེ་རྟོགས་ཡོང་ཞིང་། ལ་དོན་གྱི་ཕྲད་སྦྱར་བ་དང་མ་སྦྱར་བར་དོན་སྟོན་པའི་ཁྱད་པར་ཡོད་པ་ཡང་དེ་ལས་ངེས་ཐུབ་བོ།།

༤ དེ་ཉིད་ཀྱི་ལས་དང་བྱ་བའི་བར་དུ་ལ་དོན་གྱི་ཕྲད་འཇུག་ཚུལ།

དེ་ཉིད་ཀྱི་སྐབས་སུ་ལས་དང་བྱ་བའི་བར་ལ་ལ་དོན་གྱི་ཕྲད་སྦྱོར་དགོས་ཚུལ་བརྡ་སྤྲོད་ཀྱི་གཞུང་དུ་གསལ་བར་བསྟན་ཡོད་ཀྱང་། དེར་ཞིབ་ཏུ་མ་བརྟག་པར་ཁ་སྐད་ཀྱི་དབང་དུ་གྱུར་བའམ། རིག་པ་རྩིང་པོའི་ངོས་ནས་བལྟས་ན་ལ་དོན་གྱི་ཕྲད་སྦྱར་བ་དང་མ་སྦྱར་བར་ཁྱད་པར་ཆེན་པོ་མེད་པ་ལྟར་སྣང་ཡང་། དེར་ཞིབ་ཏུ་བརྟགས་ཚེ། ཚིག་གི་བསྟན་དོན་ངེས་པར་བྱེད་པ་དང་མིང་རྣམས་ཚིག་ཏུ་བསྒྲུབ་པའི་ཐད་ནས་ཁྱད་པར་ཆེན་པོ་ཡོད། བོད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་ཞེས་བྱ་བར། ལ་དོན་གྱི་ཚིག་ཕྲད་གང་ཞིག་མིང་གི་མཐར་སྦྱར་པའི་ཚེ། གང་ལ་སྦྱར་བྱའི་མིང་དེ་ལ་སྔར་མེད་ཀྱི་བརྡ་སྤྲོད་ཀྱི་གོ་བ་གསར་བ་ཅི་ཡང་མི་སྐྱེད་པར། མཐར་སྦྱོར་འོག་མའི་མིང་དོན་དེ་ཉིད་ལ་དོན་སྦྱར་ས་དེའི་ངོ་བོར་གྱུར་པའམ། དེའི་རང་བཞིན་དུ་གྲུབ་པ་སྟོན་པས། རྗོད་བྱེད་ཀྱི་སྒྲའི་ཆ་ན་བྱ་ཡུལ་ཙམ་དང་བྱ་བ་གཉིས་སོ་སོར་ངོས་གཟུང་དུ་ཡོད་ཀྱང་། དོན་གྱི་ཆ་ནས་དེ་གཉིས་གཞི་གཅིག་ཏུ་གྲུབ་པས། ཆོས་གཉིས་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་ཞིང་འབྱེད་པ་ཞེས་པའི་རྣམ་དབྱེའི་དོན་དེ་མ་གྲུབ་སྟེ། དཔེར་ན། ལྕགས་སུ་འགྱུར། ལོ་མ་ཤིང་དུ་གྲུབ་ལྟ་བུར་ལྕགས་མ་ཡིན་པའི་དངོས་པོ་གང་ཞིག་གཞན་གྱི་རྩོལ་བའམ་རང་བཞིན་གང་རུང་གིས་ལྕགས་སུ་བསྒྱུར་བའམ་འགྱུར་བར་སྟོན་པས། འགྱུར་བའི་བྱ་བ་ལས་ལོགས་སུ་ལྕགས་གཞན་ཞིག་མེད་ལ། ལྕགས་ཞེས་པ་དེ་ཡང་འགྱུར་བའི་བྱ་བ་དང་ངོ་བོ་གཅིག་ཏུ་གྱུར་པས། དོན་གྱི་ཆ་ནས་འདི་ནི་ལྕགས་དང་། དེ་ནི་གྱུར་པའི་བྱ་བ་ཡིན་ཞེས་པ་ཞིག་མེད་ལ། དེ་མེད་པས་སུ་སྒྲ་སྦྱར་སའི་ཡུལ་དེའི་དོན་ནི་འདིའོ་ཞེས་གསར་དུ་བཞག་ཏུ་མེད་ཅིང་། བྱ་བ་ལ་སོགས་པའི་ངོ་བོ་འགྱུར་ཚུལ་ཙམ་ལས་མི་སྟོན་(14) ཞེས་འབྱུང་བ་ལྟར། དེ་ཉིད་ཀྱི་ཕྲད་ཀྱི་ནུས་པ་ནི། ལ་དོན་གྱི་རྣམ་དབྱེ་ལྟར་ཕྲད་ཀྱི་ནུས་པས་ཆོས་གཉིས་སོ་སོར་རྣམ་པར་དབྱེ་བ་མ་ཡིན་པར་དེ་གཉིས་ངོ་བོ་གཅིག་ཏུ་སྟོན་པ་སྟེ། ལ་དོན་གྱི་མཐར་སྦྱོར་འོག་མའི་མིང་དེ་ལ་དོན་སྦྱོར་ཡུལ་དེའི་ངོ་བོར་གྲུབ་པ་སྟོན་པ་ཙམ་ཡིན།

ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་གྱུར་བའམ། མཐར་སྦྱོར་འོག་མའི་མིང་དོན་དེ་ཉིད་ལ་དོན་སྦྱར་ས་དེའི་རང་བཞིན་ཏུ་གྲུབ་པ་སྟོན་པའི་དོན་ཅན་ཞིག་ཡིན་ན་དེ་ལ་ངེས་པར་དུ་ལ་དོན་གྱི་ཕྲད་སྦྱོར་དགོས་ཏེ། དགྱེས་གཟིགས་ཡོད་པ་ཞུ་ཞེས་པའི་ཡོད་རྒྱུའི་དངོས་པོ་ནི་ལས་དང་། ཞུ་ནི་བྱ་བ་ཡིན་པས་དེ་གཉིས་ངོ་བོ་གཅིག་ཏུ་གྲུབ་སྟེ་ཡོད་པའི་ངོ་བོར་ཞུ་བ་ལས་འདི་ཡོད་པ་དང་དེ་ཞུ་བ་རེད་ཅེས་ལོགས་སུ་དགར་རྒྱུ་མེད་པས། ཡོད་པ་དང་ཞུ་བའི་བར་དུ་ལ་དོན་གྱི་ཕྲད་མ་སྦྱར་ན་ཚིག་སྔ་ཕྱི་འབྲེལ་ཆགས་མི་ཐུབ་སྟེ། ཡོད་པ་དང་ཞུ་གཉིས་སོ་སོར་ཕྲལ་ན་དོན་ཞིག་སྟོན་རྒྱུ་མེད་ཕྱིར། དགྱེས་གཟིགས་ཡོད་པར་ཞུ་ཞེས་ལ་དོན་གྱི་ཕྲད་ར་སྒྲ་སྦྱོར་དགོས་ཤིང་། དམར་པོ་ཆགས་ཅེས་པའི་དམར་པོ་ནི་ལས་དང་། ཆགས་ནི་བྱ་བ་ཡིན་ལ། དེ་གཉིས་སོ་སོར་འབྱེད་རྒྱུ་མེད་པར་དམར་པོའི་ངོ་བོར་ཆགས་པས་དམར་པོར་ཆགས་ཞེས་ར་སྒྲ་སྦྱོར་དགོས། དེ་བཞིན་དུ་མེད་པ་བཟོས་ཞེས་པའི་མེད་པ་ནི་ལས་དང་བཟོས་ནི་བྱ་བ་སྟེ། མེད་པའི་ངོ་བོར་བཟོས་པ་ལས་འདི་མེད་པ་དང་དེ་བཟོས་པ་རེད་ཅེས་ལོགས་སུ་སྟོན་རྒྱུ་མེད་ཕྱིར། མེད་པར་བཟོས་ཞེས་ར་སྒྲ་སྦྱོར་དགོས། སྤྲོ་པོ་ཡོང་བ་ཤོག་ཅེས་པའི་སྤྲོ་པོ་ཡོང་རྒྱུ་ནི་ལས་དང་། ཤོག་ཅེས་པ་ནི་བྱ་བ་ཡིན་པས་སྤྲོ་པོའི་ངོ་བོར་ཡོང་བར་སྨོན་པ་ལས་ཡོང་བ་དང་ཤོག་གཉིས་སོ་སོར་ཕྲལ་ན་དོན་ཅི་ཡང་སྟོན་རྒྱུ་མེད་ཕྱིར། སྤྲོ་པོ་ཡོང་བར་ཤོག་ཅེས་ར་སྒྲ་སྦྱོར་དགོས། གལ་ཏེ་ལ་དོན་འཇུག་ཡུལ་དེ་དག་ལ་ལ་དོན་གྱི་ཕྲད་མ་སྦྱར་ན། ཚིག་གི་བསྟན་དོན་མི་གསལ་ཞིང་བརྗོད་པ་སྔ་ཕྱི་འབྲེལ་མི་ཆགས་པར་འགྱུར་རོ།།

གསུམ་པ། གཞུང་ལུགས་ཀྱི་རིགས་འགྲེའི་དཔེར་བརྗོད་ལུང་འདྲེན་པ།

གོང་དུ་བཀོད་པའི་ལ་དོན་འཇུག་ཡུལ་གྱི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ལ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་ཐད་ནས་དབྱེ་ཞིབ་བྱས་ཏེ། ལུང་དང་རིགས་པའི་སྒོ་ནས་ལ་དོན་གྱི་རྣམ་དབྱེ་སྦྱོར་དགོས་ཚུལ་བསྒྲུབས་ཟིན་ན་ཡང་། དོན་ལ་གོ་བ་འདྲེན་ཆེད། ཡིད་རྟོན་རུང་བའི་བོད་ཀྱི་སྔར་ཡོད་གཞུང་ལུགས་ཚད་ལྡན་རྣམས་སུ་བྱུང་བའི་ལ་དོན་གྱི་འཇུག་ཚུལ་ལུང་དུ་སྟོན་ཕྱིར། བཀའ་བསྟན་གློག་རྡུལ་མ་(15) ལས་རིགས་མཐུན་གྱི་དཔེར་བརྗོད་ཁག་ཅིག་དྲངས་ནས་བསྡུར་བར་བྱ་སྟེ།

༡ ལས་སུ་བྱ་བའི་རིགས་འགྲེའི་དཔེར་བརྗོད།

སློབ་ཚན་ལ་ཉན་ཞེས་པའི་དཔེར་བརྗོད་ཀྱི་རིགས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཡི་39.123a ངོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་ཞེས་ལ་སྒྲ་སྦྱར་ཡོད་པ་དང་། བརྙན་འཕྲིན་ལ་བལྟས་ཞེས་པའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ཁ༽ཡི་2.216a ངོས་ན། ཟླ་བ་ལ་བལྟས་ནས་ཡིད་འཕྲོག་མ་དང་བྲལ་བའི་སྨྲེ་སྔགས་འདི་ལྟ་བུ་འདོན་པར་བྱེད་དེ་ཞེས་ལ་སྒྲ་སྦྱར་ཡོད་པ་ལྟ་བུ། ངལ་བར་འཕྲད་ཅེས་པའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ཁ༽ཡི་2.286b ངོས་ན། ལུས་ཀྱི་ཐ་མ་འཛིན་པ་རྡུལ་མེད་པ།། དྲང་པོ་འདི་དག་དང་ནི་བདག་གིར་ཕྲད་ཅེས་ར་སྒྲ་སྦྱར་ཡོད་པ་ལྟ་བུ། སྐུ་ཉིད་ལ་སྒུག་ལྟ་བུའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ང༽ཡི་4.197a ངོས་ན། མི་རྐང་ལག་རྡུམ་བུ་དེ་ལ་བསྒུགས་པར་བརྩམས་པ་ཞེས་ར་སྒྲ་སྦྱར་ཡོད་པ་ལྟ་བུའོ།།

༢ དེ་ཉིད་ཀྱི་རིགས་འགྲེའི་དཔེར་བརྗོད།

དགྱེས་གཟིགས་ཡོད་པར་ཞུ་ཞེས་པའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ཀ༽ཡི་1.7a ངོས་ན། གལ་ཏེ་ཕྱིར་མི་འབྱུང་ན་ཁྱོད་ཀྱང་གནས་སྐབས་འདི་ལྟ་བུར་བྱས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེས་ར་སྒྲ་སྦྱར་ཡོད་པ་དང་། དམར་པོར་ཆགས་ཅེས་པའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ཁ༽ཡི་2.73b ངོས་ན། ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་དམར་པོར་གྱུར་པ་ཞེས་ར་སྒྲ་སྦྱར་ཡོད། མེད་པར་བཟོས་ཞེས་པའི་དཔེར་བརྗོད་ཀྱི་རིགས་ལ། འདུལ་བ་གཞི། ༼ཀ༽ཡི་1.131b ངོས་ན། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ།། གང་ཞིག་བྱེད་པ་ན་ངས་དེ་ཡུལ་མེད་པར་བྱ་ཞིང་སྦྱིན་པ་ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་པར་བྱའོ་ཞེས་བསྒོའོ། ཞེས་པའི་སྐབས་སུ་མེད་པར་བྱ་ཞེས་ར་སྒྲ་སྦྱོར་ཡོད། སྤྲོ་པོ་ཡོང་བར་ཤོག་ཅེས་པའི་དཔེར་བརྗོད་ཀྱི་རིགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་༼པ༽ཡི་26.181b ངོས་ན། བུ་འམ་བུ་མོའི་རིགས་ཀྱི་ལྷ་ལྟ་བུ་ཡོང་བར་འགྱུར་རོ། ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མྱི་བྱེད་དོ།། ཅེས་པའི་སྐབས་སུ་ཡོང་བར་འགྱུར་ཞེས་ར་སྒྲ་སྦྱར་ཡོད་པ་ལྟ་བུའོ།།

མཇུག་བསྡུའི་གཏམ།

མདོར་ན། གོང་དུ་བཀོད་པའི་ལ་དོན་འཇུག་ཡུལ་གྱི་དོགས་གཞིའི་དཔེར་བརྗོད་རིགས་དེ་གཉིས་ནི། དུས་རྒྱུན་གྱི་ལས་ཀར་འབྲེལ་བའི་བོད་སྐད་བརྙན་འཕྲིན་དང་། བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱ་སོགས་ཀྱི་ལས་ཀའི་ལག་ལེན་ཁྲོད་དངོས་སུ་ཕྲད་པའི་བརྡ་སྤྲོད་ལས་ལ་དོན་སྐབས་ཀྱི་དོགས་གཞིའི་དཔེར་བརྗོད་ཀྱི་རིགས་ཡིན་ཞིང་། དེའི་ཐད་ནས་ལས་གྲོགས་རྣམས་ལ་བསམ་ཚུལ་བརྗེ་རེས་བྱས་མྱོང་ན་ཡང་། དེར་བརྡ་སྤྲོད་གཞུང་ལུགས་ཀྱི་འགྲེལ་ལུགས་ཚུགས་ཐུབ་ཅིག་མ་བྱུང་ཞིང་། ལྷག་པར་དུ་དོགས་གཞིའི་དཔེར་བརྗོད་དེའི་རིགས་བོད་སྐད་བརྙན་འཕྲིན་དང་། བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱ་སོགས་སུ་སྤྱོད་རྒྱ་ཆེ་བས། དེར་དབྱེ་ཞིབ་བྱས་ཏེ་ཀུན་གྱི་སྤྱན་ལམ་དུ་ཕུལ་ན། བརྡ་སྤྲོད་རིག་པའི་ལག་ལེན་ལ་བླང་དོར་འབྱེད་ཐུབ་ཅིང་། ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བརྡ་སྤྲོད་ཚུལ་གྱི་ཁྱད་པར་ཕྱེ་ནས་ཡིག་སྐད་དུ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཇི་བཞིན་ལག་ལེན་བྱེད་པར་ཨེ་ཕན་ནམ་སྙམ་པའི་ཀུན་སློང་རྣམ་དག་གིས་བསྐུལ་ཏེ་དབྱེ་ཞིབ་བགྱིས་ཁུལ་བྱས་པ་ཙམ་མོ།།

ལ་དོན་གྱི་དོགས་གཞིའི་དཔེར་བརྗོད་དེའི་རིགས་ལ་དབྱེ་ཞིབ་བྱེད་དགོས་དོན་ནི། གཅིག་ནས་བརྗོད་དོན་གང་ཞིག་ཡི་གེས་མཚོན་པར་བྱེད་ཚེ། ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་གཙོ་བོར་འཛིན་དགོས་ཤིང་། ལྷག་པར་དུ་བོད་སྐད་བརྙན་འཕྲིན་དང་། བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱའི་རིགས་ཀྱི་བརྗོད་པ་ནི་དམངས་ཀྱིས་གོ་སླ་བའི་ངག་གི་ཕྲེང་བར་སྤེལ་དགོས་ཀྱང་། དེའི་རྗོད་བྱེད་ཚིག་ཡི་གེར་འགོད་ཚེ། ཡི་གེའི་བརྡ་སྤྲོད་རིག་པ་གཞིར་འཛིན་དགོས་པ་ལས་ཁ་སྐད་གང་ཞིག་ཚད་གཞིར་འཛིན་མི་རུང་བའི་གནས་ལུགས་སྟོན་ཆེད་ཡིན་པ་དང་།  གཉིས་ནས་ཀུན་གྱི་མཐོང་ལམ་དུ་འགྱུར་སླ་བའི་བོད་སྐད་བརྙན་འཕྲིན་དང་། བོད་ཡིག་ཚགས་པར། གསར་འགྱུར་ལོ་ཙཱ་སོགས་ལ་ཡི་གེའི་དག་ཆ་ཇི་བཞིན་མ་ཐོན་ཚེ། ལྟ་མཁན་དང་ཀློག་མཁན་རྣམས་ཀྱི་བློ་ཁ་འདྲེན་མི་ཐུབ་པ་དང་ཡིད་རྟོན་མེད་པར་འགྱུར་བར་མ་ཟད། ཡི་གེའི་དག་ཆའི་བླང་དོར་གྱི་ཤན་འབྱེད་མི་ཐུབ་པའི་ལྟ་མཁན་དང་ཀློག་མཁན་རྣམས་རྨོངས་བར་འགྱུར་བས་ན། དེར་དཔྱད་པར་བྱ་བ་དགོས་གལ་ཆེ་བར་མཐོང་བ། གསུམ་ནས་ལ་དོན་གྱི་རྣམ་དབྱེ་འཇུག་ཡུལ་གང་ཞིག་ལ་ལ་དོན་གྱི་ཕྲད་མ་སྦྱར་ཚེ། མིང་རྣམས་ཚིག་ཏུ་བསྒྲུབ་མི་ནུས་ཤིང་། མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་ཡང་གཞན་དང་མ་འདྲེས་པར་གསལ་བར་བྱེད་མི་ཐུབ་པ་དང་། ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་མི་ལྡན་ཞིང་བོད་སྐད་ཀྱི་ཁྱད་ཆོས་ཉམས་འགྲོ་བས་ན། ལ་དོན་གྱི་འཇུག་ཚུལ་ཇི་བཞིན་སྦྱོར་དགོས་པའི་དོན་སྙིང་བརྗོད་པ་གནད་དུ་ཆེ་བ། བཞི་ནས་ལ་དོན་དང་རྣམ་དབྱེའི་སྦྱོར་ཚུལ་ཇི་བཞིན་ལག་ལེན་ཏུ་བསྟར་རྒྱུ་ནི། བོད་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དང་ཡི་གེའི་ལག་ལེན་གཉིས་ཟུང་འབྲེལ་བྱེད་པའི་གནད་འགག་ཡིན་ཞིང་། བརྡ་སྤྲོད་རིག་པ་ཉིད་ཡི་གེའི་ལག་ལེན་གྱི་ཚད་འཇལ་བྱེད་ཡིན་ཕྱིར། བརྡ་སྤྲོད་རིག་པའི་གཞུང་ལུགས་གཞིར་བཟུང་སྟེ། བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་དཔྱད་པས་བརྡར་ཤ་བཅད་ཟིན་པའི་དཔེ་དང་ལུང་རིགས་ཟུང་འབྲེལ་གྱིས་དཔྱད་བསྡུར་བྱས་པའོ།།

གཞན་ཡང་། ལ་དོན་འཇུག་ཡུལ་གྱི་དོགས་གཞིའི་དཔེར་བརྗོད་དེ་དག་ལ་ལ་དོན་གྱི་ཕྲད་འཇུག་ཚུལ་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་འབྲེལ་ནས་དཔྱད་བསྡུར་བྱས་ཡོད་པའི་ཟུར་རྒྱན་དུ། སྔར་བོད་ཀྱི་པཎ་ཆེན་དག་གི་གསུང་རབ་རྣམས་སུའང་ལ་དོན་གྱི་ཕྲད་ཀྱི་སྦྱོར་བ་དེ་ལྟར་སྤེལ་ཡོད་ཚུལ་ངོ་འཕྲོད་ཆེད། གློག་རྡུལ་གྱི་བཀའ་བསྟན་གླེགས་བམ་ལས། དོགས་གཞིའི་དཔེར་བརྗོད་དེའི་རིགས་ལ་ལ་དོན་གྱི་ཕྲད་སྦྱར་ཡོད་པའི་རིགས་འདྲའི་དཔེ་དྲངས་ནས་བསྡུར་བའི་ཚུལ་དུ་བཀོད་ཡོད། འདིར་རང་བློས་མ་དཔོག་པའི་ཆ་དག་ལ། ཤེས་ལྡན་རྣམས་ཀྱིས་ལྟ་བ་ཡང་གི་དགོངས་འཆར་སྩོལ་པར་ཞུའོ།།


མཆན་དང་དཔྱད་གཞིའི་ཡིག་རིགས།

⑧⑩(12)དོར་ཞི་གདོང་དྲུག་སྙེམས་བློའི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༠ལོའི་ཟླ་༥པར་དཔེ་སྐྲུན་བྱས། ཤ་༡༥ ཤ་༡༦ ཤ་༡༣༤ - ༡༣༥  ཤ་༢༡

 དགེ་རྒན་ཆེན་མོ་བདེ་མཆོག་ཚང་གི་བརྡ་སྤྲོད་ཀྱི་སློབ་ཁྲིད་ལས་ངོ་བཤུ་བྱས།

⑦⑨སྐལ་བཟང་འགྱུར་མེད་ཀྱི་བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༩༢ལོའི་ཟླ་༡༢་པར་དཔེ་སྐྲུན་བྱས། ཤ་༣༨ ཤ་༤༦ ཤ་༤༧

 ནོར་བུ་རྒྱ་མཚོའི་བརྗོད་བྱེད་ཀྱི་སྒྲའི་གོ་དོན་གསར་དུ་བརྟག་པ། [M] མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༠༣ལོའི་ཟླ་༤པར་དཔེ་སྐྲུན་བྱས། ཤ་༡༣༥

 དུད་བླ་བུ་ཆུང་གིས་བསྒྲིགས་པའི་བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་གཅིག་ཏུ་བསྒྲིགས་པ་མུ་ཐུ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། [M] མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༢ལོའི་ཟླ་༣པར་དཔེ་སྐྲུན་བྱས། ཤ་༣༨༩  ཤ་༣༨༨

(11) ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༩ལོའི་ཟླ་༡༡པར་དཔེ་སྐྲུན་བྱས། ཤ་༡༣༢

(13)དམུ་དགེ་བསམ་གཏན་གྱི་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༧༩ལོར་དཔེ་སྐྲུན་བྱས། ཤ་༣༠ -༣༡

(14) ལྕགས་ཐར་རྒྱལ་གྱི་བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༦ལོའི་ཟླ་༡༡༢པར་དཔེ་སྐྲུན་བྱས། ཤ་༢༩༤-༢༩༥

(15) གློག་ཀླད་དང་ཁ་པར་དུ་ནང་འཇུག་བྱས་ཆོག་པའི་སྟབས་བདེའི་གློག་རྡུལ་གྱི་བཀའ་བསྟན།

རྩོམ་པ་པོ།མཁར་རྒྱ་ཐར། ཞུས་ཆུང་ལོ་ཙྰ་བ། བོད་ལྗོངས་བརྙན་འཕྲིིན་ལས་ཁུངས། ས་གནས། ལྷ་སའི་གླིང་སྐོར་ནུབ་ལམ་ཨང་རྟགས་༨པ། སྦྲག་སྲིད། 850000  འབྲེལ་གཏུགས་ཁ་པར་ཨང་གྲངས། 18798900916

夸加太 副译审 单位:西藏电视台  地址:拉萨市林廓西路8号 邮编:85000, 联系电话:18798900916