༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མགོ་བོའི་ནད་ལས་སྐྲ་དཀར་སྐོར་གྱི་ཡིག་ཚང་ཕྱོགས་བསྡུས།

来源:གསོ་རིག་ཀུན་འདུས་གླིང་།2017-02-22 10:20:11 查看数0

དང་པོ། སྐྲའི་གནས་ལུགས།

རྩ་གསུམ་སྐྲ་དང་བ་སྤུ་སེན་མོ་སྐྱེ།།རྒྱུད་བཞི་ལས་བཏུས།
   སྐྲ་ལོ་ཕོ་གྱོ་མོ་གྱོའི་རྫ་དང་འདྲ།།རྒྱུད་བཞི་ལས་བཏུས།
གཉིས་པ། སྐྲ་དཀར་སྐྱེ་སའི་གནས་ཀྱི་ཁྱད་པར།
   ད་ནི་མགོ་བའི་ཡུལ་ལྔ་བཤད།།སྤྱི་བོའི་གཙུག་ནི་སྙིང་གི་ཡུལ།།མཚོག་མའི་གསུམ་མདོ་གློ་བའི་ཡུལ།།དཔྲལ་བའི་དཀྱིལ་དང་ལྟག་ཆུ་ཁུང་།།དེ་གཉིས་མཚེར་བའི་ཡུལ་དུ་བཤད།།རྣ་ལྟག་གཡས་གཡོན་མཁལ་མའི་ཡུལ་དུ་བཤད།།བུ་དོན་མ་ལས་བཏུས།
 གསུམ་པ། སྐྲ་དཀར་སྐྱེ་བའི་རྒྱུ་རྐྱེན།
   ལན་ཚས་སྲ་འཁྱིལ་འགགས་པ་འབྱིན་པ་དང་།།དུགས་ཀྱིས་རྔུལ་དང་དྲོད་སྐྱེད་ཡི་ག་འབྱེད།།བསྟེན་དྲགས་སྐྲ་འབྱི་སྐྲ་དཀར་མང་།།རྒྱུད་བཞི་ལས་བཏུས།
   ལན་ཚྭ་ཧ་ཅང་མང་བ་བསྟེན་དྲགས་ན་སྐྲ་འབྱི་བ་དང་།སྐྲ་དཀར་འཕེལ་བ་དང་གཉེར་མ་མང་བ་དང་ལུས་སྟོབས་འབྲི་བ་དང་སྐོམ་དད་དང་མཛེ་ནད་མེ་དབལ་དང་ཁྲག་དང་མཁྲིས་པ་སྐྱེད་པར་བྱེད།བདུད་རྩིའི་ཆུ་རྒྱུན་ལས་བཏུས།
   མྱ་ངན་ཁྲོ་དང་ངལ་ལས་བྱུང་།།ཡན་ལག་བརྒྱད་པའི་ཚིག་དོན་ཟླ་ཟེར་ལས་བཏུས།
   ལུས་སྟོད་དབང་པོའི་ཐོག་མ་མགོ་བོ་ནི།།འདི་ལ་རྒྱུ་དང་དབྱེ་བ་རྟགས་བཅོས་བཞི།།རྒྱུ་རྐྱེན་དུད་པ་ཉིན་མཚན་གཉིད་ཆག་དང་།།མ་གོམས་དྲིས་ཕོག་ཆང་འཐུང་སོགས་ཀྱིས་བསྐྱེད།།ཞང་བོད་གསོ་རིག་དགའ་སྟོན་རོལ་བའི་རྒྱན་ལས་བཏུས།
   མྱ་ངན་དང་ཆད་པ་དང་ཁྲོས་པ་ལས་སྐྱེས།ཡན་ལག་བརྒྱད་པ་ལས་བཏུས།
བཞི་བ། སྐྲ་དཀར་གྱི་གྱུར་ཚུལ་ཕྱོགས་བསྡུས།
   བད་ཀན་ཁྲག་མཁྲིས་ཆུ་སེར་སྐྲ་རྩ་སྲུལ།།ཀོ་ལེར་སྐྲ་བྱི་སྤྱི་བོ་ཐེར་པོ་དང་།།ལུས་དྲོད་མགོར་ཞུགས་སྐྲ་ཚོས་སྐྲ་དཀར་འབྱུང་།།རྒྱུད་བཞི་ལས་བཏུས།
   ལུས་ཀྱི་དྲོད་ནི་མགོར་ཞུགས་པས།།ནད་དེས་སྐྲ་ནི་བཙོས་ནས་ནི།།དེ་ལས་སྐྲ་དཀར་སྐྱེ་བར་འགྱུར།།ཡན་ལག་བརྒྱད་པའི་ཚིག་དོན་ཟླ་ཟེར་ལས་བཏུས།
   ལུས་ཀྱི་དྲོད་ནི་མགོར་ཞུགས་པས།།སྐྲ་ཚོས་དེ་ལ་རྩ་དཀར་འབྱུང་།།གཙང་སྟོད་ཟིན་ཏིག་ལས་བཏུས།
   ལུས་ཀྱི་དྲོད་གང་ཡིན་པ་དེ་སྤྱི་བོར་ཞུགས་ནས་དེས་སྐྲའི་རྩ་བར་ཚོས་ཤིང་སྨིན་པར་བྱས་ནས་སྐྲ་དཀར་སྐྱེ་བར་འགྱུར་རོ།།ཡན་ལག་བརྒྱད་པ་ལས་བཏུས།
 ལྔ་བ། སྐྲ་དཀར་གྱི་དབྱེ་བ།
   དེ་ནི་རླུང་གྱུར་ཡིན་ཙམ་གནག། སྲ་ཞིང་རྩུབ་ལ་ཆུ་མདོག་ཅན།།མཁྲིས་པས་ཚ་ཞིང་ཆུ་མདོག་ཅན།།བད་ཀན་ལས་གྱུར་སྣུམ་ཞིང་འཕེལ།། སྤོམ་ཞིང་མདོག་ནི་དཀར་བ་ཡིན།། ཡན་ལག་བརྒྱད་པའི་ཚིག་དོན་ཟླ་ཟེར་ལས་བཏུས།
   རླུང་མཁྲིས་བད་ཀན་རྣམ་གསུམ་གྱིས།།སྐྲ་རྩ་ནག་དང་སེར་བ་དང་།།དཀར་སྣུམ་འཕེལ་བ་རིམ་བཞིན་ནོ།།གཙང་སྟོད་ཟིན་ཏིག་ལས་བཏུས།
   དེ་ལ་རླུང་ལས་གྱུར་བའི་སྐྲ་དཀར་གྱི་མཚན་མ་ནི་སྤུ་གྲུགས་པ་ཅན་དང་།ཅུང་ཟད་སྔོ་བསངས་སུ་འདུག་པ་དང་།སྲ་ཞིང་རྩུབ་ལ་ཆུའི་ནད་མདོག་ལྟར་འདུག་པ་ཡིན་ནོ།།མཁྲིས་པའི་སྐྲ་དཀར་གྱི་མཚན་མ་ནི་ཚ་བ་དང་།མདོག་ཅུང་ཟད་སྔོ་བསངས་སུ་འདུག་པ་དང་།བད་ཀན་གྱི་སྐྲ་དཀར་གྱི་མཚན་མ་ནི་སྣུམ་པ་དང།འཕེལ་བ་དང་།སྦོམ་པ་དང་།མདོག་དཀར་བ་ཡིན་ནོ།།འདུས་པ་ལས་གྱུར་བའི་སྐྲ་དཀར་གྱི་མཚན་མ་ནི་འདྲེས་པ་ཡིན་ནོ།།ཡན་ལག་བརྒྱད་པ་ལས་བཏུས།
དྲུག་པ། སྐྲ་དཀར་གྱི་གསོ་ཚུལ་དང་བཅོས་ཐབས་སྣ་ཚོགས།
   ལུས་ཀྱི་འབྱུང་བ་ལས་བྱུང་བ། བཅུད་ཀྱིས་ལེན་གྱིས་གསོ་བར་བྱ།།ཞེས་ལུས་ཀྱི་འགྱུར་བ་རྒས་པ་ལས་གྱུར་བའི་སྐྲ་དཀར་ནི་བཅུད་ཀྱིས་ལེན་པ་ལ་ལྟོས་ཤིང་དེ་ལ་བརྟེན་ཏེ་གསོ་དགོས་པ་ཡིན་ནོ།།ཡན་ལག་བརྒྱད་པའི་ཚིག་དོན་ཟླ་ཟེར་ལས་བཏུས།
   འདུས་གྱུར་སྤྱི་ཐེར་གསོ་མི་རུང་།།ལང་ཚོ་འགྱུར་བ་ལས་བྱུང་བ།།བཅུད་ཀྱི་ལེན་གྱིས་གསོ་བར་བྱ།། གཙང་སྟོད་ཟིན་ཏིག་ལས་བཏུས།
   འདུས་པའི་མགོ་ནད་ལས་གྱུར་བའི་སྤྱི་ཅེར་དང་།སྐྲ་དཀར་ལ་སོགས་པ་གཞན་དག་ནི་གསོར་མི་རུང་ངོ་།།ལུས་གྱུར་པ་ལས་བྱུང་བའི་སྤྱི་ཅེར་དང་།སྐྲ་དཀར་ནི་བཅུད་ཀྱིས་ལེན་གྱི་ཆོ་གས་གསོ་བར་བྱའོ།།ཡན་ལག་བརྒྱད་པ་ལས་བཏུས།
   རྩ་བ་ལྔ་དང་ཏིལ་མར་སྣ་སྨན་བླུག།སྐྲ་དཀར་ལུག་རུའི་ཐལ་བ་ཡུངས་ཀར་བྱུག།ཤིང་མངར་སྟག་ཚེར་ཙན་དན་པི་པི་ལིང་།།ཨུཏྤལ་སྐྱུ་རུའི་ཁུ་བ་མར་བསྐོལ་བའི།།སྣ་སྨན་མགོ་བསྐུས་སྐྲ་དཀར་ཀླད་ནད་སེལ།ཡན་ལག་བརྒྱད་པའི་ཚིག་དོན་ཟླ་ཟེར་ལས་བཏུས།
   སྐྲ་དཀར་ལུག་རུའི་ཐལ་བ་ཡུངས་ཀར་བྱུག།ཤིང་མངར་སྟག་ཚེར་ཙན་དན་པི་པི་ལིང་།།ཨུཏྤལ་སྐྱུ་རུའི་ཁུ་བ་མར་བསྐོལ་བའི།།སྣ་སྨན་མགོ་བསྐུས་སྐྲ་དཀར་གླད་ནད་སེལ།།རྒྱུད་བཞི་ལས་བཏུས།
        རྫས་ནི་བྱ་རོག་གི་སྒོ་ང་། ཚུར་ནག ཤ་ཕོ་རུ་རྟ། ཨ་རུ་ར་གསེར་མདོག སེ་བའི་བར་ཤུན་རྣམས་ཞིབ་པར་བཏགས་ལ།ལྕགས་ཀྱི་སྣོད་དུ་བསྐོལ་ནས།སྐྲ་གཞར་ཕྲལ་ཡང་ཡང་བཀུའོ།།ཤེད་སྐྱེད་ནས་རྙེད།དེ་འདྲ་ཐེངས་འགའ་བྱས་པས་བུང་བ་ལྟར་གནག་པར་འགྱུར། འབུམ་ཁུ་ཚུར་ལས་བཏུས།
        རྒྱ་ནགལྕགས་ཕྱེ།ཐར་ནུ་བ་བཏུལ་བ་ཚུར་ནག རའི་འོ་མས་གྲུས་ལ་ཡང་ཡང་བཀུའོ།། ཐེངས་གསུམ་བསྐྲུས་ན་ལོ་རེ་ཐུབ།དེས་སྐྲ་དཀར་སྔོན་པོ་ནག་པོར་འགྲོ་བ་ལ་ཐེ་ཚོམ་མེད།འབུམ་ཁུ་ཚུར་ལས་བཏུས།