༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གྱི་པར་ཕུད་མཛད་སྒོ་འཚོགས།

来源:སེམས་ཀྱི་ཞིང་ཁམས།2019-09-09 11:09:57 查看数0

  ཟླ་༩ཚེས་༤ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཞིས་རྩེར་འཚོགས་པའི་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཞེས་པ་ལས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གྱི་པར་ཕུད་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། 


བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ།  གཞིས་ཀ་རྩེ་གྲོང་ཨུའི་ཧྲུའུ་ཅི་ཀྲང་ཡན་ཆིང་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་བཅས་ཀྱིས་འགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་།  གཙང་བཀྲ་ཤིས་ལྷུན་པོ་དགོན་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་པཎ་ཆེན་ཞིབ་འཇུག་གླིང་གི་འབྲེལ་ཡོད་མི་སྣ།  བོད་རང་སྐྱོང་ལྗོངས་གྱི་འགོ་ཁྲིད་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་མི་བརྒྱ་ལྷག་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཤིས་ཚིག་སྒྲོན་སྐབས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་ཞིག་རེད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བར་སྐུལ་འདེད་དང་། བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་གཅིག་གྱུར་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་པར་སྐུལ་འདེད། ཀྲུང་ཧྭའི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་བར་སྲུང་སྐྱོང་བཅས་ལ་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། དཔེ་དེབ་འདི་མཚམས་སྦྱོར་བྱས་ནས་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པར་བྱས་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་དང་། ཆོས་ལུགས་རིགས་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། ལྷག་པར་དུ་གཞོན་རབས་ཚོ་བཅས་ལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པའི་སྙིང་བཅུད་དེ་བས་སྟབས་བདེ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་ཡོང་བར་བྱས་ཡོད་ཅེས་གསུངས་ཤིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚོས་བོད་བརྒྱུད་ནང་བསྟན་གྱི་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཤེས་བྱའི་བདག་པོ་མིག་དཔེར་བཟུང་ནས་ཏང་གི་བཀའ་དྲིན་དྲན་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་ནས་མདོ་སྔགས་ཀྱི་སྙིང་པོར་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་ཏེ་འགྲོ་བ་ཀུན་ལ་བདེ་བ་བསྐྲུན་དགོས་པའི་ཐུགས་རེ་གནང་བ་རེད།

 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ལས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གྱི་རྩོམ་སྒྲིག་པར་སྐྲུན་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ནི་༢༠༡༡ལོར་ཆོག་མཆན་ཐོབ་ནས་རྩོམ་སྒྲིག་བྱེད་འགོ་ཚུགས་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རིག་གནས་འདུ་འགོད་ཅིག་དང་།ཀྲུང་ཧྭའི་བཀའ་བསྟན་འགྱུར་༼བོད་ཡིག་པར་གཞིའི༽རྣམ་གྲངས་རྗེས་ཀྱི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་སྒྲིག་འཛུགས་དང་ལག་ལེན་བསྟར་བའི་རང་རྒྱལ་གྱིས་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་དར་སྤེལ་བཏང་བའི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཅིག་རེད། ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཞེས་པའི་ནང་ད་ཆ་གཏན་འཁེལ་ཟིན་པའི་རྣམ་གྲངས་ཀྱི་གྲས་སུ་གསུང་འབུམ་ཁག་༣༦དང་བམ་པོ་༡༠༠༠ལྷག་ཙམ་ཡོད་པ་རེད། མིག་སྔར་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་གྱི་བམ་པོ་༣༠དང་། མར་པ་ལོ་ཙཱ་བ་དང་། མི་ལ་རས་པ། དྭགས་པོ་ལྷ་རྗེ་བཅས་ཀྱི་གསུང་འབུམ་གྱི་བམ་པོ་༡༢།  རྗེ་ཙོང་ཁ་པའི་གསུང་འབུམ་གྱི་བམ་པོ་༡༨།  རྒྱལ་ཚབ་རྗེའི་གསུང་འབུམ་གྱི་བམ་པོ་༨། མཁས་གྲུབ་རྗེའི་གསུང་འབུམ་གྱི་བམ་པོ་༡༢།   པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གྱི་བམ་པོ་༣༩བཅས་ཁྱོན་བམ་པོ་༡༡༩ལེགས་སྒྲིག་པར་སྐྲུན་བྱས་ཡོད། ཉེ་ཆར་ད་དུང་ཀློང་ཆེན་པའི་གསུང་འབུམ་དང་། ཇོ་ནང་པ་ཏཱ་ར་ནཱ་ཐའི་གསུང་འབུམ། འཇུ་མི་ཕམ་གྱི་གསུང་འབུམ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ།འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་འབུམ། དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། མཁས་གྲུབ་ཡོན་ཏན་རྒྱ་མཚོའི་གསུང་འབུམ། འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་སོགས་གཅིག་རྗེས་གཉིས་མཐུད་ངང་པར་སྐྲུན་བྱ་རྒྱུ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ནི་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཞེས་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། 


 པར་སྐྲུན་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཅིག་གི་འཐུས་ཚབ་ལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གནང་བ་རེད།