༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

སྙན་དབྱངས་སྐྱིད་ཀྱི་དེབ་གསར་འོས་སྦྱོར།

来源:དྲ་བ་གཞན་ལས་བཏུས།2019-04-23 10:30:42 查看数0

       ཀློག་པ་པོ་རྣམས་ཁམས་བཟང་།   ང་རང་ཉིད་ཀྱིས་ཤེས་ཚོད་སྒོ་ནས་བྲིས་པའི་དགའ་སྐྱོ་འདྲེས་མའི་ཚོར་བ་སོགས་མ་གསང་སྦས་མེད་ལྷུག་པོར་བརྗོད་པའི་དེབ་ཆུང་འདི་ནི།  སྤྱིར་ན་ན་ནིང་ནས་ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་བསམ་པའི་འཆར་གཞི་ཡོད་ལ།   དེའི་དོན་དུ་སློབ་གསེང་སྐབས་དང་བསྟུན་ནས་བརྩོན་པ་དང་འབད་འབུངས་ཐེངས་དུ་མར་བསྐྱེད་མྱོང་མོད།

སྐབས་བབས་ཀྱི་སློབ་སྦྱོང་དང་རྒྱུ་རྐྱེན་གང་མང་ཞིག་གིས་ད་ལོའི་བར་དུ་ལེགས་གྲུབ་འབྱུང་མ་ཐུབ་ནས་ལུས་སོང་།

      ང་ནི་ཤེས་ཡོན་གྱི་ཆུ་ཚད་དམན་རུང་།   སྙན་ངག་འབྲི་རྒྱུར་དགའ་ཞིང་སྙན་དེབ་ཀློག་པར་མོས་པའི་མི་མོ་ཞིག་ཡིན་པས་མི་ཚད།   བུད་མེད་ཀྱི་བདེ་སྡུག་ལ་བསམ་གཞིག་དང་བུད་མེད་ཀྱི་ལས་དབང་ལ་བརྩི་འཇོག་བྱེད་མཁན་ཞིག་ཀྱང་ཡིན།   དེ་ནི་ཕྱོགས་གཅིག་ནས་བལྟས་ན་ཁྲེལ་དགོས་ཀྱི་གནས་སུ་འགྱུར་སྲིད་མོད།  ང་རང་ཉིད་བུད་མེད་ཅིག་གི་སྐྱེས་ལུས་ཤིག་ཡིན་པས།   དེའི་རྐྱེན་ཡིན་ནམ་ཅི་སྟེ།   གང་ལྟར་ན་བུད་མེད་ཀྱི་ཕྱོགས་སུ་བསམ་གཞིག་མི་ཉུང་བ་ཞིག་བྱེད་པར་གོམས་ཤིང་རྩོམ་ཡིག་འབྲི་དུས་ཀྱང་དེའི་ཕྱོགས་སུ་གླེང་དགོས་པ་འདྲ་ཆགས་འདུག    

        ང་ནི་ཆུང་དུས་ནས་ཕ་མེད་ཀྱི་དྭ་ཕྲུག་ལུས་པའི་ནུས་མེད་ཀྱི་དྭ་མོ་ཞིག་དང་དཀའ་སྡུག་གི་འཚོ་བའི་ཉམས་མྱོང་ཆེ།  གཞན་བརྙས་དང་། ཟུར་ཟ།  གཅར་རྡུང་སོགས་ལུས་སེམས་ལ་དཀའ་ངལ་ཚད་མེད་གཅིག་མྱོང་ཆེ་བའི་ཉམ་ཆུང་གི་མི་མོ་ཞིག་ཀྱང་ཡིན།   གཅིག་བྱས།  དེ་ནི་ཚེ་འདིར་ངའི་ལས་དབང་གི་བསྐོས་ཐང་ཞིག་ཡིན་ཟེར་ཡང་ཆོག་མོད།   མནོ་བསམ་ཞིབ་ཏུ་བཏང་ཚེ།  ཆུང་དུས་ཉམས་མྱོང་བསགས་པའི་ལས་འབྲས་ཀྱིས་ད་ལྟ་ང་རང་ལམ་ཁ་མ་ནོར་བར་བགྲོད་ཐུབ་པར་བྱུང་བ་ནི་དགའ་འོས་པའི་དོན་ཞིག་ཀྱང་ཅི་ལ་མིན།

      དེས་ན་ད་ལན་གུས་མོས་བྲིས་པའི་རྩོམ་འདི་དག་སྙན་ངག་གི་མིང་དོན་མཚུངས་པ་ཞིག་ཡིན་མིན་མི་ཤེས་མོད།  རང་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བས་བཞེངས་པའི་སེམས་ཀྱི་གུར་ཁང་ན་ཉེ་འཁོར་གྱི་འདྲེས་ཆ་ཆེ་བའི་དངོས་པོ་སོགས་ལ་འཁྲེང་ཞེན་དང་བརྩེ་བས་བཅིངས་ཏེ།  བརྗེད་མེད་སྙིང་གི་དཀྱིལ་དུ་ནོག་མེད་ཀྱི་རི་མོ་གསལ་ལེར་ཞིག་བྲིས་ཡོད་པས།  ངའི་ཚེ་འདིའི་ཆེས་ཐོག་མའི་དེབ་ཆུང་འདིའི་མི་སེམས་འགུལ་བའི་ལེགས་ཆ་དེ་མེད་མོད།   དེབ་ཆུང་འདི་སྙན་ངག་གཅིག་ཏུ་སྒོམ་ཏེ་སྙན་ངག་གཅིག་གི་མིང་ཡིག་བཏགས་ཡོད།   འོན་ཀྱང་ང་རང་གིས་བྲིས་པའི་རྩོམ་འདི་དག་ནི་སྙན་ངག་དངོས་དེ་ཡིན་མིན་མ་ཤེས་ནའང་།   གང་ལྟར་ན་རང་ཉིད་ཀྱི་བརྩེ་བ་དང་།  སྨྲེང་ངག   སྐྱོ་གདུང་།  རེ་བ།  དམིགས་འདུན།  དགའ་སྤྲོ།  སྤོབས་པ་སོགས་ཀྱིས་རང་ཉིད་ཀྱི་སེམས་ལ་ཚོར་བ་ལྡང་སྟངས་མི་འདྲ་བའི་ཐད་ནས་འབྲི་འདོད་ལྟར་དུ་བྲིས་པ་ཡིན། དེའི་ཕྱིར་ན།  ཀློག་པ་པོ་དག་གིས་དེབ་ཆུང་འདི་དངོས་སུ་གཟིགས་པའི་ཁ་ཐུག་ལ།  ཚིག་སྐྱོན་དུ་མར་མཐོང་ངེས་ལ།   ཡིག་འབྲུ་ཆད་ལྷག་སོགས་དུ་མ་ཡོད་སྲིད་པས།  དེའི་ཐད་ནས་ཀློག་པ་པོ་དག་གིས་ཐུགས་ལ་དགོངས་འགལ་མེད་པར་ཞུ།

      ངས་འདི་ལྟར་དེབ་ཆུང་དུ་བཀོད་པའི་ཡིག་འབྲུ་སོགས་རང་ཉིད་དང་འདྲེས་ཆ་ཆེ་བའིི་མི་དག་ཁོ་ན་གླེང་དོན་ནི།  མི་དེ་དག་ནི་ངའི་སེམས་ཀྱི་ཟབ་སར་གནས་ཡོད་པས་ཡིན་ལ།  བརྩེ་སེམས་ཀྱི་ཡུལ་ཞིག་དུ་ཆགས་པའི་རྒྱུ་མཚན་ཙམ་ལས།  ངའི་ལུས་སེམས་ཕྱི་ནང་གཉིས་ཀྱི་བསམ་བློའི་རྒྱ་ཁྱོན་ཅི་ཞིག་ཡོད་མེད་རྟོགས་ག་ལ་ཐུབ།   གལ་སྲིད་དངོས་གནས་སྙན་ངག་གི་ལམ་དུ་འཇུག་མཁན་ཞིག་ཡིན་ན། བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱང་འབྲེལ་བ་ངེས་ཅན་དུ་ཡོད་དགོས་པ་དང་། ནང་དོན་གྱི་ཐད་ནས་གཞན་གྱི་ཡིད་འགུག་གི་ནུས་པ་ལྡན་པ།   རྩོམ་གྱི་ནང་དོན་ཁ་གསལ་འདོན་ཐུབ་པ་དགོས་པ་སོགས་ནི་ཐོག་མའི་ཆ་རྐྱེན་ཞིག་ཏུ་ལོས་ཡིན།  རེད་དེ་ངས་ཆ་རྐྱེན་དེ་དག་གི་ཐད་ནས་ཟུར་ཙམ་དུ་ལོན་མེད་ནའང་།   ངས་སྙན་ངག་འབྲི་བ་ནི་ཁ་བཤད་དོན་འགལ་ཞིག་རྩ་བ་ནས་མ་ཡིན་པར།  རང་བྱུང་སེམས་ཁམས་སུ་གནས་པའི་བརྩེ་སེམས་ངོ་མ་ཞིག་ཏུ་ལོས་ཡིན།

     ང་ནི་ཕ་མེད་ཀྱི་དྭ་ཕྲུག་ཞིག་གམ་ལས་དབང་ལ་གདུང་བ་ཤིན་ཏུ་ཟབ་པའི་མི་མོ་ཞིག་ཡིན་པས།  ངས་འདི་ལྟར་དགའ་སྐྱོ་འདྲེས་མའི་ཚོར་བ་ངོ་མ་དེ་འབྲི་བ་ནི་ང་ལ་མཚོན་ན།   ཨ་ཕ་མེད་འཇིག་རྟེན་ཞིག་ནས་ཤུལ་ལུས་ཀྱི་དྭ་མོ་ཞིག་གིས་དྲིན་ཆེན་ཕ་ལོའི་ཕྱོགས་སུ་དྲན་གདུང་གིས་མནར་བའི་ཚོར་བ་སོགས་ལོ་དང་ཟླ་བར་ཟིན་བྲིས་སུ་ཕབ་སྟེ་ཨ་ཕར་རེ་སྒུག་གི་ཉིན་ཞག་བརྩེགས་པའི་མི་ཚེ་གང་བོར་ལྷན་འཛོམས་ཀྱི་དུས་ཚིགས་དབེན་རུང་།  ཕ་དང་བུ་མོའི་བར་གྱི་བརྩེ་བ་བར་མེད་དུ་བསྒྲེངས་ཡོད་པ་ཅི་ལ་མཚོན་མི་ནུས།   དེའི་ཕྱིར་ན།  ངས་ཀྱང་དེབ་ཆུང་འདི་ཡི་ནང་དུ་བཀོད་པའི་རྩོམ་དག་ནི་དགའ་སྐྱོ་འདྲེས་མའི་ཚོར་བས་བྲིས་པའི་རྩོམ་ཡིག་ཞིག་ཀྱང་ཡིན་ཆོག

     ངས་སྙན་རྩོམ་ཡིན་ཁུལ་གྱི་དེབ་ཆུང་འདི་དཔར་བསྐྲུན་བྱས་པ་ནི།  མཚན་སྙན་གྲགས་གཅིག་གི་ཆེད་དུ་འགོ་རྩོམ་པ་ཞིག་མ་ཡིན་པར།  སྙན་ངག་ལ་དགའ་མཁན་གྱི་མི་མོ་ཞིག་གིས་སྙན་ངག་ལ་བཅངས་པའི་བརྩེ་བ་མཚོན་བྱེད་ཀྱི་ལག་རྟགས་ཆུང་ཆུང་ཞིག་ཀྱང་ཡིན། དེ་རིང་ངས་སྙན་ངག་འདི་དག་བྲིས་ཤིང་། དེབ་གཟུགས་ཤིག་ཏུ་བཀོད་དེ་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་བཀྲམ་ཡོད་པས།  དེབ་ཆུང་འདི་ཡི་ང་དང་སྙན་ངག་གི་བར་ཐག་མཚོན་ནུས་ལ། ངའི་ཤེས་ཡོན་གྱི་ཆུ་ཚད་མཐོ་དམན་ཅི་ཞིག་ཡོད་མེད་ཀྱང་མངོན་ཐུབ།

     ཤེས་ཡོན་གྱི་ཆུ་ཚད་དམན་པའི་སློབ་གཉེར་བ་ང་རང་ལྟ་བུ་ཞིག་གིས། སྙན་ངག་འབྲི་བར་ལས་སླ་བོ་མེད་པ་ཤེས་ཀྱི་ཡོད་མོད།  དེ་ཡང་སྙན་ངག་འབྲི་བར་ཐོག་མར་དཔེ་ལྟ་དཔེ་ཀློག་མི་ཉུང་བ་ཞིག་དགོས་པ་ཅི་སྟེ་མི་ཤེས།   མ་ཟད་རྩོམ་ཡིག་ཅི་ཞིག་བྲིས་ནའང་།  དཔེ་ཀློག་ནི་མེད་དུ་མི་རུང་བའི་དོན་གལ་ཆེན་ཞིག་ཡིན་པ་རྟོགས་སོང་།  དཔེ་ཀློག་ནི་ཚེ་འདིའི་ཆེས་བདེ་སྐྱིད་ཀྱི་གཞི་མ་ཞིག་རེད་ཅེས་ཁོ་མོས་ཁ་ཚོན་ཆོད་པའི་སྒོ་ནས་བཤད་མི་སྤོབས་ཀྱང་།  ངའི་མི་ཚེ་འདི་དཔེ་ཀློག་གི་གསེང་ན་བསྐྱལ་རྒྱུ་བྱུང་བ་འདི་དགའ་འོས་པའི་དོན་གཅིག་ཡིན་པ་སྨོས་མ་དགོས་པ་རེད།  

     ང་ནི་སྙན་ངག་ལ་དགའ་བའི་མི་མོ་ཞིག་ཡིན། དེའི་ཕྱིར་ངས་སྙན་ངག་ཐར་ཐོར་མང་པོ་འབྲི་མྱོང་།  རེད་དེ་ངས་སྙན་ངག་པའི་མིང་དེ་ཁུར་མྱོང་མེད་ལ།  མིང་དོན་མཚུངས་པའི་སྒོ་ནས་སྙན་ངག་དེ་ཡང་འབྲི་མྱོང་མེད།   རྒྱུ་མཚན་ནི།  ང་ནི་སྙན་ངག་ལ་དགའ་མཁན་ཙམ་ལས། སྙན་ངག་གི་དོན་དེ་མ་རྟོགས་ཤིང་། སྙན་ངག་དངོས་དེ་ཅི་ལྟར་འབྲི་དགོས་མིན་མ་ཤེས་པས་རེད། 

         ཡང་གཅིག་བཤད་ན།  དེ་རིང་ངས་འཇིག་རྟེན་མི་ཡུལ་འདིར་དེབ་ཆུང་འདི་བཀྲམ་ཟིན་པས།  མི་ལ་ལ་དགའ་སྣང་གི་སྤྲོ་བས་བཟི་ཏེ།  བསྟོད་བསྔགས་ཀྱི་སྨོན་ཚིག་སྒྲོག་སྲིད་ལ།  ཡང་ལ་ལ་ཞིག་གིས་དེ་ལས་ལྡོག་ཏེ། མིག་ནང་ཚེར་མ་ལྟར་གྱུར་ཏེ་དགག་ཚིག་དང་ཚིག་ངན་དུ་མའི་སྒོ་ནས་སྐྱོན་བརྗོད་དང་མི་དགའ་བའི་རྣམ་འགྱུར་སྟོན་སྲིད་ཀྱི་རེད།    རེད་དེ་ངས་མི་དེ་དག་ལ་བཏང་སྙོམས་སུ་འཇོག་པ་ལས་སྣང་འཇོག་བྱ་མི་སྲིད།

      མཐར་དེབ་ཆུང་འདི་དཔར་བསྐྲུན་བྱ་བའི་ཐོག་མཐའ་བར་གསུམ་དུ་རོགས་འདེགས་དང་རྒྱབ་སྐྱོར་གནང་མཁན་གྱི་མི་དག་ལ་ཆེད་དུ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ།

ཁྱེད་ཅག་གིས་ཁོ་མོས་གསར་རྩོམ་གྱི་ཐད་ནས་འགོ་མཇུག་བར་གསུམ་དུ། གདེང་འཇོག་དང་།  ཡིད་ཆེས།  འབོད་སྐུལ་གནང་བ་སོགས་ཚེ་འདིར་ངའི་སེམས་ངོགས་སུ་ནོག་མེད་ཀྱི་རི་མོ་གསལ་ལེར་བཀོད་ཡོད།

                                                                                    ཅེས་རྩོམ་པ་པོས།༢༠༡༩/༣/༢༧ཉིན།