༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

པདྨ་ཚེ་རིང་གིས་དེབ་ཕྲེང་ལྔ་པའི་འགྲེམ་སྤེལ་ཚོགས་འདུ།

来源:2019-04-15 15:52:14 查看数0

      བོད་ཀྱི་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་རིང་ངམ་པདྨ་དམར་པོ་ལགས་ཀྱིས་དེ་སྔོན་བརྩམས་གནང་བའི་དཔེ་ཆ་༼སེམས་ཁམས་གསོ་བའི་བདུད་བརྩི་༽དང་༼རྣམ་རྟོག་གི་ཞགས་པས་བཅིངས་པའི་འཇིག་རྟེན་༽ ༼ང་མི་ཡུལ་དུ་ཡོད་༽སོགས་པའི་དཔེ་ཆ་དག་ནི་བོད་དུ་ཆེས་བྲིན་ཀ་རྒྱུགས་ཤོས་ཀྱི་དཔེ་ཆ་ཡིན་ལ་སྤྱི་ཚོགས་ཀྱི་གྲུ་ཟུར་གང་དུའང་ཤུགས་རྐྱེན་ཐེབས་དང་ཐེབས་མུས་སུ་མཆིས། 

དེས་ན་ཁོང་གི་ད་རེས་དེང་དུས་གཞོན་ནུ་ཁག་གི་བསམ་པའི་སྣང་འཇོག་དང་། དེ་བཞིན་དེང་གི་སྤྱི་ཚོགས་ཐོག་ང་ཚོའི་ཆེས་སྐྱུག་བྲོ་བའི་གནས་སྟངས་ལ་དམིགས་ནས་བརྩམས་གནང་བའི་དེབ་ཕྲེང་ལྔ་པ་༼ སེམས་ཀྱི་འཇིག་རྟེན་མྱུལ་བ་༽ཞེས་པ་དེ་ད་ལྟ་དཔར་སྐྲུན་གྱི་ལས་ཀ་དངོས་སུ་མཇུག་སྒྲིལ་ནས་སང་ཉིན་རེ་གཟའ་སྤེན་པའི་དགོང་དྲོའི་ཆུ་ཚོད་༤.༣༠ཐོག་ངེད་གངས་ལྗོངས་དཔེ་ཀློག་ཁང་དུ་དཔེ་ཆ་དེ་དངོས་སུ་འགྲེམ་སྤེལ་ཚོགས་འདུ་དེ་གཉེར་རྒྱུ་ཡིན། 

 བརྩམ་བྱ་འདི་ནི་དུས་རབས་ཉེར་གཅིག་པའི་ནང་འཚོ་གནས་བྱེད་བཞིན་པའི་རང་རིགས་ཀྱི་ན་གཞོན་མང་པོའི་སེམས་ཁམས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་བརྗོད་བྱར་བྱས་ཏེ་བྲིས་པའི་དཔེ་དེབ་དམིགས་བསལ་གཅིག་ཡིན།    དེ་ཡང་ཕྱི་ནང་གང་སྤྱིར་རྙོག་འཛིང་ཤིན་ཏུ་ཆེ་བའི་འཚོ་བའི་འགྲན་རྩོད་ཀྱི་དཀའ་རྙོག་མང་པོའི་ཁྲོད་དུ་གཞོན་སྐྱེས་མང་པོའི་སེམས་ལ་བློ་ཕམ་དང་།  ཡིད་ཆད་སོགས་ཀྱིས་རྐྱེན་བྱས་ཏེ་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་མེད་པར་འགྱུར་སྟབས། འཚོ་གནས་ཀྱི་འབད་ཐབས་ལ་སེམས་ཤུགས་ཆག་སྟེ།   ཉིན་མ་གང་འཁྱོལ་ངང་ནས་མི་ཚེའི་རིན་ཐང་བརླག་བཞིན་ཕ་མ་དང་སྤུན་མཆེད་སོགས་ལ་སེམས་ཁྲལ་སྣ་ཚོགས་བཟོ་བཞིན་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་རིགས་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་འདྲེན་བྱེད་ལམ་དུ་མཐོང་དུས་རིགས་ཞེན་གྱི་བསམ་པ་རྣལ་མ་ཞིག་གིས་རང་སེམས་ལ་ཡང་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་རང་ཤུགས་སུ་སྐྱེས་པ་དེ་ནི་དེབ་ཆུང་འདི་ཉིད་འབྲི་བའི་དངོས་རྒྱུ་ལྟར་དུ་སྣང་།

དངོས་མིང་། པད་མ་ཚེ་རིང་།

སྨྱུག་མིང་། པད་མ་དམར་པོ།

      སྤྱི་ལོ་༡༩༨༠ལོར་གཡོ་རུ་གྲ་ཡི་ཞིང་གྲོང་ཆུང་ཆུང་ཞིག་ཏུ་ལྟེ་ཁྲག་འཕོས། རང་ལོ་བདུན་ནས་ཁུལ་དེའི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་སློབ་སྦྱོང་གི་བསྐལ་བར་རོལ། རང་ལོ་བཅུ་དྲུག་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་། རྫོང་སར་བཤད་གྲྭ་སོགས་སུ་ནང་ཆོས་ཀྱི་གཞུང་ལུགས་གཙོས་བོད་ཀྱི་རིག་གནས་ཆེ་ཆུང་མང་པོར་ཐོས་བསམ་མཛད། སྔ་ཕྱིར་མཚོ་སྔོན་སྐྱེ་རྒུ་མདོ་དང་། བོད་ལྗོངས་ཀྱི་ནག་ཆུ། ཟི་ཁྲོན་དཀར་མཛེས་ཁུལ་སོགས་ཀྱི་དགོན་སྡེ་གསུམ་ཙམ་ལ་ནང་རིག་པ་དང་བརྡ་སྤྲོད་རིག་གནས་སྣ་ཚོགས་སློབ་འཁྲིད་བྱས་ཤིང་། ལས་ཞོར་དུ་སེམས་ཁམས་གསོ་བའི་བདུད་རྩི་དང་། རྣམ་རྟོག་གི་ཞགས་པས་བཅིངས་པའི་འཇིག་རྟེན། ང་མི་ཡུལ་དུ་ཡོད་ལ་སོགས་པའི་དཔེ་དེབ་དང་། དྲ་ཐོག་ཏུ་རྩོམ་ཡིག་སུམ་བརྒྱ་ལྷག་ཙམ་སྤེལ་བར་སྤྱི་ཚོགས་ཐོག་གི་ཀློག་པ་པོ་མང་པོར་བག་ཆགས་གང་ལ་གང་འཚམས་བཞག་ཡོད་ཅིང་། རྒྱུན་དུ་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་ཡོང་ཐབས་ལ་འབད་བརྩོན་བྱས་དང་བྱེད་མུས་ཡིན་ནོ།།