༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

གངས་རྒྱན་མེ་ཏོག་དུས་དེབ་རྣམ་པ་གསར་བསྒྱུར་དང་སྤྱི་སྟེགས་དངོས་སུ་ཤར་གཏོང་བྱེད་མགོ་བརྩམས་པ།

来源:མཚོ་སྔོན་པོ་དྲ་བ།2018-05-24 10:14:22 查看数0


2018ལོའི《གངས་རྒྱན་མེ་ཏོག》དེབ་དང་པོ་དངོས་སུ་འགྲེམ་སྤེལ་བྱས།

     ད་ལོ་ནི་ཏང་གི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་བསྐལ་བཟང་གི་ལོ་ཞིག་ཡིན་ལ། ལོ་ངོ་བཞི་བཅུའི་རིང་འདིར། རང་རྒྱལ་གྱི་སྤྱི་ཚོགས་དང་དཔལ་འབྱོར།རིག་གནས་སོགས་གང་ཅིའི་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། ཕྱོགས་ཡོངས་ནས་གྲུབ་འབྲས་ཀྱང་བླ་ན་མེད་པ་ཞིག་བླངས་ཡོད། དེ་བཞིན་དུ་རང་རེ་ལ་མཚོན་ནའང་བཅོས་སྒྱུར་སྒོ་འབྱེད་དང་ཏང་གི་མི་རིགས་སྲིད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། རྒྱ་ཆེའི་བོད་རིགས་མི་དམངས་རྣམས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་བཀྲག་མདངས་བྱུགས་ཤིང་། མི་རིགས་རིག་གནས་ལ་འཕེལ་རྒྱས་ཀྱི་བླ་སྲོག་ཞུགས་པ་རེད། ལྷག་པར་དེང་སྐབས་ཀྲུང་གོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་དུས་རབས་གསར་བར་སྐྱོད་པའི་སྒང་འདིར་ང་ཚོས་ཀྱང་བསམ་བློ་གསར་བ་ཞིག་ལ་གཞི་བཅོལ་ཏེ་དམིགས་འབེན་གསར་བ་ཞིག་དང་འཆར་གཞི་གསར་བ་ཞིག་གི་མགོ་རྩོམ་དགོས་སོ།།

     དེ་བས། 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། རྩོམ་སྒྲིག་པ་གོང་མ་རྣམས་ཀྱི་ཆོད་སེམས་ལྟར་སྔར་བཞིན་འཚོལ་སྙེག་དང་གསར་གཏོད་ཀྱི་བརྟུལ་ཞུགས་མ་དོར་བར་མཆིས་ཤིང་། ནམ་ཡང་བཅོས་སྒྱུར་གྱི་ལམ་དུ་ཡོད་པའི་རྩ་དོན་འོག དུས་ཡུན་ངེས་ཅན་ཞིག་སྤྱད་དེ་ཕྱོགས་སོ་སོའི་བསམ་འཆར་དང་རེ་བ་བསྡུ་ལེན་བྱས་ཐོག བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཤིང་། སྒོས་སུ་རྒྱ་ཆེའི་བོད་རིགས་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་འདོད་བློ་བསྐང་རྒྱུའམ་ཡང་ན་དུས་དེབ་རང་གི་མདུན་ལམ་ལ་ཁ་ཕྱོགས་ཏེ། ད་ལོའི་དེབ་དང་པོ་ནས་བཟུང་སྟེ་དུས་དེབ་ཀྱི་ནང་དོན་དང་ལེ་ཚན་རྣམས་མི་འགྱུར་བའི་རྨང་གཞིའི་སྟེང་སྔོན་མའི་དྲས་ཁའི་ཆེ་ཆུང32ཅན་དེ་ད་ལྟའི་དྲས་ཁ16ཅན་དང་། སྔོན་གྱི་ཤོག་ངོས108དེ་ད་ལྟའི་ཤོག་ངོས128ཅན་དུ་བསྒྱུར་ཏེ་དུས་དེབ་ཀྱི་རྣམ་པ་དང་ཤོག་གྲངས་གཉིས་ཆར་འགྱུར་བ་ཅུང་ཙམ་བཏང་བ་ཡིན། ལྷག་དོན་ཐེངས་འདིའི་བཅོས་སྒྱུར་བརྒྱུད་དེ《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་ནང་དོན་དང་ཇུས་འགོད་སོགས་སྤྱིའི་སྤུས་ཚད་སྔར་བས་མཐོར་འདེགས་ཡོང་བར་སེམས་གཏིང་ནས་རེ་འདུན་ཆེན་པོ་བཅངས་ཡོད་པས། རྒྱ་ཆེའི་རྩོམ་མཁན་དང་ཀློག་མཁན་རྣམས་ཀྱིས་སྐྱོན་ཡོན་གཉིས་ལྡན་གྱི་སྒོ་ནས་བསམ་འཆར་གང་རུང་འདོན་རྒྱུ་དང་། 《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་མ་འོངས་འཕེལ་རྒྱས་ཕྱོགས་ལ་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་དང་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།

     དུས་མཚུངས་སུ།《གངས་རྒྱན་མེ་ཏོག》གི་སྤྱི་སྟེགས་དངོས་སུ་རྩོམ་རིག་གི་མཁའ་དབྱིངས་སུ་འཕུར་མགོ་བརྩམས་པ་ཡིན་ལ། རྗེས་སོར《གངས་རྒྱན་མེ་ཏོག》ཏུ་བཀོད་པའི་བརྩམས་ཆོས་ལས་རྩེ་གྲས་དག་བསྟུད་མར་སྤྱི་སྟེགས་སུ་དགོད་རྩིས་ཡོད་པ་རེད། 《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་མ་འོངས་འཕེལ་རྒྱས་ཕྱོགས་ལ་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་དང་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།