༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ནང་ཆེན་རྩོམ་རིག་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་པ།

来源:མཚོ་སྔོན་པོ་དྲ་བ།2018-01-10 11:36:59 查看数0

     ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་དོན་ཁང་གི་མུ་འབྲེལ་དཔེ་ཚོགས《ནང་ཆེན་རྩོམ་རིག》ཅེས་པའི་འགྲེམ་སྤེལ་མཛད་སྒོ་དེ་ནང་ཆེན་རྫོང་ཐོག་ཏུ་བསྡུས། རྩོམ་སྒྲིག་པ་དབུ་ཚང་ཤེས་རབ་རྡོ་རྗེའམ་སྦྲ་ནག་པ། སྤྲུལ་དོན་བརྒྱུད་བསྟན་འཛིན་ནམ་ངང་སེར་རྣམ་གཉིས་ཀྱི་གོ་སྒྲིག་འོག་རྩོམ་པ་པོ11འདུས།
     ཕྱི་དྲོར། རྩོམ་པ་པོ་དག་གིས་སྤྱི་ཡོངས་ནས་ནང་ཆེན་རྩོམ་རིག་གི་གནས་བབས་དང་ཁྱད་པར་བཅས《ནང་ཆེན་རྩོམ་རིག》དཔེ་ཚོགས་དང་འབྲེལ་ཏེ་གསུང་བཤད་གནང་བ་དང་ཆབས་ཅིག བསམ་ཚུལ་མི་འདྲ་བའི་གོ་བསྡུར་དང་ལྟ་ཚུལ་གླེང་།

ཐོག་མར་རྩོམ་པ་པོ་དགའ་ཆུང་གིས་བསམ་ཚུལ་གླེང་དོན།
     ང་ཚོ་ནང་ཆེན་ཡུལ་གྱི་རྩོམ་པ་པོ་རྣམས་ལ་ཁ་ཕྱོགས་ཡོད་དགོས་པ་དང་དམིགས་འབེན་ཡོད་པ། བོད་ཀྱི་ཐུན་མིན་གྱི་ལྟ་གྲུབ་དང་བསམ་བློའི་འཁྱེར་སོ་ལ་ཁ་ཕྱོགས་སྲུང་བའི་ལམ་ནས་སྙན་ངག་འབྲི་བ་དང་བསམ་གཞིགས་གནང་ན་ཧ་ཅང་དགེ་མཚན་ལྡན་པའི་བསམ་ཚུལ་གཏོན་པ་དང་ཁྱད་པར་ནང་ཆེན་རྩོམ་རིག་ལ་ང་ཚོས་ལྷན་དུ་ནུས་ཤུགས་འདོན་དགོས་པ་དང་འདོན་འོས་པའི་ལྟ་ཚུལ་གླེང་།
ས་གནས་ཀྱི་བུད་མེད་རྩོམ་པ་པོ་ཁ་བའི་སྲས་མོས།
     རང་ཉིད་བོད་ཡིག་ལ་ཧ་ཅང་དགའ་ཞེན་ཆེ་སྟབས་བོད་ཡིག་གི་ལམ་ནས་རང་ཉིད་ཀྱི་ཚོར་བ་མཚོན་པའི་རྩོམ་རིག་རེ་བྲིས་ཤིང་སྤེལ་བ་དང་། ས་གནས་ཀྱི་རྩོམ་པ་པོ་དང་བོད་ཡིག་ལ་དགའ་མཁན་དག་ལ་འབྲེལ་འདྲིས་ཀྱི་འདུན་པ་ཧ་ཅང་ཆེ། མ་ཚད་མུ་མཐུད་དེ་རྩོམ་པ་པོ་རྣམས་མཐུན་སྒྲིལ་གྱི་ལམ་ནས་མདུན་དུ་བསྐྱོད་རྒྱུ་དེ་བོད་ཀྱི་རིག་གནས་དང་ས་གནས་ཀྱི་རིག་གནས་ལ་ཧ་ཅང་གལ་ཆེ་བར་བཤད།
རྩོམ་སྒྲིག་པ་ངང་སེར་ལགས་ཀྱིས་གསུང་དོན།
      《ནང་ཆེན་རྩོམ་རིག》གི་དཔེ་ཚོགས་འདི་ལེགས་གྲུབ་བྱུང་བར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད། གཅིག།མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་དབུ་འཛིན་ཤེས་རབ་རྡོ་རྗེས་ནུས་ཤུགས་ཚད་མེད་བཏང་བ་དང་། གཉིས། ས་གནས་ཀྱི་གཞོན་སྐྱེས་རྩོམ་པ་པོ་མང་པོས་རྩོམ་ཡིག་འདྲ་མིན་སྣ་ཚོགས་དབྱར་གྱི་སྦྲང་ཆར་བཞིན་བསྐུར་གནང་བའི་རྒྱུ་རྐྱེན་གཉིས་ལ་བརྟེན་ནས་ལེགས་གྲུབ་མགྱོགས་མྱུར་གྱི་ལམ་ནས་བྱུང་སོང་བར་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན།
     སླད་མར་ནང་ཆེན་རྩོམ་རིག་གི་མུ་འབྲེལ་དཔེ་ཚོགས་འདི་ད་དུང་མུ་མཐུད་ནས་སྤེལ་དགོས་ཚེ་གསར་སྐྱེས་རྩོམ་པ་པོ་དག་ལ་རེ་སྐུལ་ནན་མོ་ཞུ་དགོས། འོན་ཏེ་རྩོམ་པ་པོ་ཞིག་ཡིན་ཕྱིན་བརྡ་སྤྲོད་ལ་བྱང་ཆ་ལྡན་དགོས་པ་དང་ལོ་རྒྱུས་ཀྱང་གང་འཚམས་ཤེས་དགོས་པ། དཔེ་ཀློག་མང་ཙམ་གནང་སྟེ་རྩོམ་འབྲིའི་ཐབས་ལམ་མང་པོ་གསོག་སྦྱོང་བྱེད་དགོས། ད་དུང་གསར་སྐྱེས་མང་པོས་ཡུལ་སྐད་བྱེ་བྲག་པ་ཞིག་བཙན་གྱིས་བརྡ་སྤྲོད་དུ་བསྲེ་བ་ནི་ཤིན་ཏུ་མི་འགྲིག་པ་དང་མི་རིགས་སྐད་ཡིག་གི་ངོ་གདོང་ལ་ཐལ་བ་བྱུག་བཞིན་ཡོད་པས་ཧ་ཅང་དོ་སྣང་དང་ཐུགས་གཞིགས་གནང་དགོས་པར་འདུག།
     དེ་དག་གིས་མཚོན་རང་ཉིད་རྩོམ་སྒྲིག་པ་ཡིན་པའི་ངོས་ནས་གླེང་ན་རྩོམ་པ་པོ་དག་གིས་གང་ལ་དོ་སྣང་དང་ཐུགས་བསམ་གནང་དགོས་སའི་སྐོར་ལ་ཆ་རྒྱུས་ཅུང་ཞིག་ལྡན་ཕྱིར་རྩོམ་པ་པོ་དག་གིས་དོན་ཚན་ཁ་ཤས་ལ་ཧ་ཅང་དོ་སྣང་གནང་དགོས་པའི་སྐོར་ནས་གསུང་བཤད་གནང་།
ཁམས་སྨྱོན་ཧེ་རུ་ཀས་གླེང་དོན།
     གཞོན་སྐྱེས་རྩོམ་པ་པོའི་མིག་དཔེར་བསམ་སྟེ། རྩོམ་པ་པོ་རྒས་པ་རྣམ་པས་རྩོམ་རིག་མུ་མཐུད་དུ་འབྲི་བ་དང་རང་ཉིད་ཀྱི་ན་ཚོད་ཇེ་རྒས་སུ་སོང་ཡང་རྩོམ་རིག་ཇེ་གཞོན་དུ་འགྲོ་དགོས་པའི་རེ་སྐུལ་དང་རྩོམ་རིག་གི་འཕྲིན་ལས་ཇེ་རྒྱས་སུ་འགྲོ་བར་ང་ཚོ་རྒས་གཞོན་བར་མ་ལྷན་དུ་འབད་པ་བྱེད་ཅེས་བཤད།
གཞོན་སྐྱེས་རྩོམ་པ་པོ་བསོད་རྡོས་བཤད་རྒྱུར།
     རྒན་རབས་རྩོམ་པ་པོ་མང་པོས་རྩོམ་རིག་གི་འཕྲིན་ལས་དར་སྤེལ་དུ་བཏང་བ་དང་ཁྱད་པར་ད་རེས་ཀྱི་རྩོམ་སྒྲིག་པ་དག་གིས་ཐུན་མོང་ལ་དབང་བའི་ཤོག་ལྷེ་གསར་བསྐྲུན་གནང་བར་ཐུགས་རྗེ་ཆེ་དང་རྟེན་འབྲེལ་ཞུ་བ་ཡིན་ཟེར།
གྲྭ་བཙུན་རྩོམ་པ་པོ་མུན་གྲོལ་ལགས་ཀྱིས་གསུང་དོན།
     སྙན་ངག་འབྲི་བ་ལས་ཀྱང་ཀློག་རྒྱུ་ཧ་ཅང་གལ་ཆེ་བ་དང་དེང་སང་གི་སྙན་ངག་པ་མང་པོའི་རྩོམ་རིག་ལ་བོད་ཀྱི་གཤིས་ཀ་མི་ལྡན་པ་དང་། བོད་ཀྱི་གཤིས་ཀ་ལྡན་པའི་རྩོམ་རིག་ཅིག་ཡིན་ཕྱིན་ཇི་ཙམ་བཀླགས་ན་དེ་ཙམ་གྱི་དགའ་མོས་ཆེ་རུ་འགྲོ་བ་རེད་ཅེས་དང་རྩོམ་རིག་ལ་བོད་ཀྱི་གཤིས་ཀ་ཡོད་ན་རྩོམ་པ་པོ་དེར་ལྟ་གྲུབ་ཡོད་པ་རེད་ཅེས་གསུངས།
གངས་ཆུ་མིག་ལགས་ཀྱིས།
     རང་ཉིད་ཀྱིས་རྩོམ་ཡིག་བྲིས་པའི་ཉམས་མྱོང་དང་འབྲེལ་ཏེ་གླེང་ན། སྤྱིར་ན་རང་ཉིད་ལ་རྩོམ་རིག་གི་ལྟ་གྲུབ་ཆ་ཚང་པོ་ཞིག་མེད་གཤིས། རང་ཉིད་དང་རང་ཉིད་ཀྱི་རྩོམ་རིག་གཉིས་བར་ཐག་ཆེ་རུ་འགྲོ་བའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་གཅིག །གཉིས་ནས་དཔེ་ཀློག་བྱས་ཏེ་བྲིས་པའི་རྩོམ་ཡིག་དང་དྲན་སྣང་གང་བྱུང་ཐད་ཀར་དུ་ཡི་གེར་ཕབ་པ་གཉིས་ལ་རིན་ཐང་ཆེ་ཆུང་གི་ཆ་ཧ་ཅང་མང་བས་དཔེ་ཀློག་བྱེད་རྒྱུ་ཧ་ཅང་གལ་ཆེ་ཚུལ། གསུམ་ནས་དང་པོར་སྙན་ངག་འབྲི་སྐབས་ལད་མོ་བྱས་ནས་འབྲི་བ་དང་ཞོར་ནས་རང་ཉིད་ལ་ལྟ་གྲུབ་ཆགས་དགོས་པས་དཔེ་ཀློག་དང་ལད་མོས་ལམ་ནས་སྙན་ངག་བྲི་བ་གལ་ཆེ་ཚུལ་བཅས་གླེང་། མཇུག་མཐར་ནང་ཆེན་རྩོམ་རིག་དཔེ་ཚོགས་ལ་རྟེན་འབྲེལ་ཞུས་པ་དང་རྩོམ་སྒྲིག་པ་དག་ལ་བཀའ་དྲིན་ཆེ་ཞེས་ཞུས།
གཞོན་སྐྱེས་ཀླད་ཁུ་ཡིས།

     རྩོམ་རིག་གི་བྱུང་འཕེལ་དང་འབྲེལ་ཏེ་གླེང་ན་རྩོམ་རིག་ཅེས་པ་མི་སྒེར་གྱི་སྣང་ཚུལ་ཞིག་ལས་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་ངོ་བོ།དུས་རབས་ཀྱི་ཚབ་མཚོན་དགོས་ཟེར་ན་ཧ་ཅང་དཀའ་མོ་རེད། གླིང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུར་མཚོན་ན་མི་རིགས་ཀྱི་གནས་བབས་བརྗོད་སྙིང་བྱས་ཤིང་མི་རིགས་ཀྱི་ཚབ་མཚོན་ནུས་པའི་ངོ་བོ་དང་ནུས་པ་ཅན་རེད་དེ་དེང་སང་གི་རྩོམ་ཡིག་ཕལ་ཆེ་བ་སྤྱི་ཚོགས་ཀྱི་གནས་བབས་མཚོན་པ་མི་རིགས་ཀྱི་གནས་བབས་མཚོན་པ། དུས་རབས་ཀྱི་ངོ་བོ་སྟོན་མི་ཐུབ་པའི་སྣང་ཚུལ་འདུག་ཅེས་དང་རྩོམ་པ་པོ་དག་ལ་རང་ཚུགས་ངེས་པར་དུ་དགོས་ཞེས་བཤད།
རྩོམ་སྒྲིག་པ་སྦྲ་ནག་པས་གསུང་དོན།
      《ནང་ཆེན་རྩོམ་རིག》གི་དཔེ་ཚོགས་འདིས་ནང་ཆེན་རྩོམ་རིག་གི་ངོ་བོ་མཚོན་ཐུབ་པ་དང་ནང་ཆེན་གྱི་རྩོམ་པ་པོ་བརྒྱ་ཆ་བདུན་ཅུ་ཙམ་འདིའི་ནང་དུ་འཛོམས་པ་བྱས་ཡོད། ད་དུང་ཡང་དཔེ་ཚོགས་འདི་མུ་མཐུད་དེ་སྒྲིག་བཞིན་པ་ལགས་པས་ཀུན་གྱིས་ཐུགས་ཁུར་གནང་བར་ཞུ།
     མ་ཚད་ད་རེས་ཀྱི་གོ་སྐབས་དང་བསྟུན་ཏེ་རྩོམ་སྒྲིག་པ་ངང་སེར་དང་ནང་ཆེན་རྩོམ་རིག་འཕྲིན་སྟེགས་ཀྱི་སྒྲིག་སྦྱོར་བ་མུན་གྲོལ་གཉིས་ལ་རྩོམ་སྒྲིག་པའི་ཆེ་བསྟོད་དང་གཟེངས་རྟགས་ཤིག་འབུལ་རྒྱུ་ཡོད། འདི་ནི་ང་ཅག་གིས་ཁྱེད་གཉིས་ཀྱི་དཀའ་ངལ་དང་ཐུགས་ཁུར་བརྗེད་མེད་ཅེས་པའི་སེམས་མཚོན་ཙམ་ཡིན། མདོར་ན་ནང་ཆེན་རྩོམ་རིག་གི་འཕྲིན་ལས་ཁ་ལོ་པ་ནི་ང་ཅག་ཡིན་པས་ང་ཚོས་མུ་ནས་འབད་པར་ཞུ་ཞེས་སྐད་ཆའི་མཇུག་བསྡུས།